ཕོར་བ།

རྩོམ་པ་པོ།   རང་ལས་རྒྱལ། དུས་ཚོད།   2020-11-09   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

ཕོར་བ།

འཇིག་རྟེན་ན་ཕོར་བ་མང་།

ཕོར་བའི་ཆེ་ཆུང་དང་ཁ་དོག་མི་འདྲ་བས།

དེ་སྤྱོད་མཁན་གྱི་རིགས་དབྱེ་ཡང་མང་།

མི་མང་ཤོས་ཀྱིས་ཕོར་བར་སྲོག་ལྟར་གཅེས་ཤིང་།

སྐབས་སྐབས་སུ་ཕོར་བ་དང་ངོ་བོ་དབྱེར་མེད་དུ་འདྲེས་ཏེ།

རང་ཉིད་དང་ཕོར་བའི་བར་གྱི་ཐུན་མིན་གྱི་ཆ་ཅི་ཡང་མི་རྙེད།

ཕོར་བ།

ཕོར་བ་ནི་བཙན་པོའི་དབང་ཐང་མཚོན་བྱེད་ཅིག་དང་།

ཉམ་ཆུང་གི་འཇོན་ཐང་མཚོན་བྱེད་དུ་གྱུར་པས།

ཨ་ཕའི་ཕོར་བ་གཙང་མ་ཡིན་ལུགས་སྐོར་ཚང་མར་བློ་སྦྱོང་མི་དམན་པ་རེ་ཡོད།

མི་ཚང་མས་ཕོར་བའི་ངོས་འཛིན་དང་བདག་གཉེར་གྱི་ཁྱད་པར་ལས།

ཕོར་བར་ཆག་གྲུམ་ཤོར་ཚུལ་ཡང་སོ་སོ་ཡིན།

ཕོར་བ།

ཕོར་བ་ཅི་འདྲ་ཞིག་ཡིན་ཡང་།

ཚང་མར་བཀོལ་སྤྱོད་ཀྱི་རིན་ཐང་རེ་ཡོད།

དབང་ཐང་ཅན་ཚོའི་ངོ་སོ་ཕོར་བའི་ནང་དུ་ཡོད།

ཕལ་བའི་ཡིད་ཀྱི་མར་ལོ་ཕོར་བའི་ཁ་རུ་འཁྱིལ།

ཁྱེད་རང་འཇིག་རྟེན་དུ་ཡོང་ཉིན་ནས།

ཨ་མས་རྟེན་འབྲེལ་མཚོན་བྱེད་ཀྱི།

ཕོར་བ་སྙིང་རྗེ་མོ་ཞིག་ཏུ།

ཀ་ར་བུ་རམ་གང་ཆ་སྒམ་དུ་བཞག

དེ་ནི་ཁྱེད་ལ་ཐོབ་པའི་མི་ཡུལ་གྱི་ཕོར་བ་ཐོག་མ་ཡིན།

ནམ་ཞིག

ཕོར་བ་ཕོར་བ་རུ་མ་གྱུར་པར།

ཕོར་བ་ཚང་མ་གསེར་ཕོར་དང་དངུལ་ཕོར་ཡིན།

ཡང་ནམ་ཞིག

ཕོར་བའི་ནང་དུ་ཁྱོད་ཁོ་ནའི་ངོ་གདོང་ལས་ཅི་ཡང་མི་མཐོང་ཞིང་།

འཚོ་བཅུད་སྟོང་བའི་ཟས་རིགས་འགའ་རླངས་པ་འཐུལ་ལེར།

ལུས་ཀྱི་དོན་ལྔ་སྣོད་དྲུག་ནས་འདས་མ་ད་གསུམ་ཐིམ་ཚེ།

ཆ་ཡོད་ཀྱང་རྒྱུས་མེད་པའི་སྲང་ལམ་དག་ཏུ།

གོམ་ཁ་འཁྱོར་བཞིན་སྙན་ངག་དང་རྒྱང་རིང་གླེང་མཁན།

ཕོར་བ་ཆག་པའི་མི་རྐྱང་ར་བཟི་བ་དག་ཡིན་ནམ།

རྩོམ་སྒྲིག་པ།  གཡུ་འཛོམས།