བཙན་ལྷ་རྫོང་གིས་སྟར་ཀའི་ཐོན་ལས་སྤེལ་ནས་དཔལ་འབྱོར་འཕེལ་རྒྱས་སུ་བཏང་།

རྩོམ་པ་པོ།   གསང་བདག་སྒྲོལ་མས་བསྒྱུར།དུས་ཚོད།   2020-11-02   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

           ཉེ་བའི་ལོ་ཤས་རིང་། བཙན་ལྷ་རྫོང་པ་ཅའོ་གྲོང་རྡལ་སྟག་སོ་གྲོང་སྡེས་ཏང་འཛུགས་སྐྱོང་དང་མཉམ་ལས་ཁང་། རྟེན་གཞི། ཞིང་ཁྱིམ་བཅས་སྦྲེལ་བའི་ཐོན་ལས་དབུལ་སྐྱོར་བྱེད་ཐབས་འཚོལ་ཞིབ་བྱས་ཤིང་། ཏང་རྩ་འཛུགས་ཀྱིས་སྣེ་ཁྲིད་པ་དང་ཏང་ཡོན་གྱིས་མགོ་ཁྲིད་པ། དབུལ་ཕོངས་མང་ཚོགས་ནང་དུ་ཞུགས་པ་བཅས་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་ཆགས་ཡོད། མིག་སྔར། སྟག་སོ་གྲོང་སྡེས་སྟར་ཀའི་ཐོན་ལས་ལ་བརྟེན་ནས་སྡེ་མི་ཚོ་སྐྱེ་ཁམས་འཛུགས་སྐྲུན་ཐོན་ལས་ཅན་དང་། ཐོན་ལས་འཕེལ་རྒྱས་སྐྱེ་ཁམས་ཅན་གྱི་འཕེལ་རྒྱས་ལམ་བུར་ཁྲིད་པ་དང་སྦྲགས། མང་ཚོགས་ཀྱི་ཡོང་འབབ་ཀྱང་ཇེ་མང་དུ་བཏང་ཡོད།

          སྟར་ཀ་སྨིན་དུས་སུ། པ་ཅའོ་གྲོང་རྡལ་སྟག་སོ་གྲོང་སྡེ་རུ་སྡེ་མི་ཚོས་ལག་ཏུ་སྨྱུག་དབྱུག་བཟུང་ནས་སྟར་སྡོང་ལ་རྒྱག་པའི་རྣམ་པ་དེ་གྲོང་སྡེ་དེའི་ཆེས་མཛེས་པའི་ལྟ་ས་ཞིག་ཏུ་གྱུར། སྡེ་མི་ཁྲེན་ཝང་ཁེང་གིས་ངེད་ཚང་གིས་སྟར་སྡོང་400ལྷག་བཙུགས་ཡོད། ང་ཚོའི་གྲོང་སྡེའི་སྟར་ཀའི་སྤུས་ཀ་ལེགས་ཤིང་བྲོ་བ་ཞིམ་ལ། ལོ་ཧྲིལ་བོར་ཡོང་འབབ་སྒོར་ཁྲི་2ལྷག་ཡོད་པ་དང་། ད་སྐབས་ངེད་ཚང་གི་འཚོ་བའི་ཆ་རྐྱེན་ཇེ་བཟང་དུ་འགྲོ་བཞིན་ཡོད་ཅེས་བཤད།

          པ་ཅའོ་གྲོང་རྡལ་སྟག་སོ་གྲོང་སྡེ་ནི་མཚོ་ངོས་ལས་མཐོ་ཚད་སྨི་2800རུ་ཆགས་ཤིང་། ཉི་འོད་ཕོག་ཡུན་རིང་ལ་ཆར་བ་འབབ་ཚད་ཉུང་བ། སྲོལ་རྒྱུན་གྱི་རྨོ་འདེབས་ལ་ཕན་འབྲས་ཉུང་བ་དང་རྒྱུན་ལྡན་གྱི་ལོ་ཏོག་གི་ཐོན་ཚད་དམའ་བ་དེ་ནི་ས་གནས་ཀྱི་དབུལ་ཕོངས་མང་ཚོགས་དབུལ་ཕོངས་ལས་སྒྲོལ་བའི་བཀག་རྒྱ་རུ་གྱུར། 2016ལོར་སྟག་སོ་གྲོང་སྡེ་ནི་དབུལ་སྐྱོར་གནད་འཁེལ་གྱི་གྲོང་སྡེ་ཁག་དང་བོར་གཏན་འཁེལ་བྱས། དབུལ་ཕོངས་ཀྱི་ཞྭ་མོ་ཕུད་ནས་ཕྱུག་འགྱུར་གྱི་ལམ་བུར་བསྐྱོད་ཆེད། རྫོང་དང་ཡུལ་ཚོ། གྲོང་སྡེ་བཅས་རིམ་གསུམ་མཉམ་ལས་ཀྱིས་ཕྱུག་འགྱུར་གྱི་ལམ་བུ་སྟེ་སྟར་སྡོང་འཛུགས་ཐབས་བཙལ། སྟག་སོ་གྲོང་སྡེའི་དམིགས་བསལ་གྱི་གནམ་གཤིས་ཆ་རྐྱེན་ལ་བརྟེན་ནས་སྟར་ཀའི་བྲོ་བ་ཞིམ་པ་དང་སྣུམ་ཚིལ་གྱི་ཁྱད་ཆོས་ལྡན་པས། སྟག་སོ་གྲོང་སྡེའི་སྟར་ཀ་ལ་འཛད་སྤྱོད་པ་རྣམས་ཀྱིས་དགའ་བསུ་ཆེན་པོ་ཐོབ།

         སྡེ་མི་ཚོའི་སྟར་ཀ་འཚོང་ཆེད། སྟག་སོ་གྲོང་སྡེའི་ཨུ་ལྷན་གཉིས་ཀྱིས་མཉམ་ལས་ཁང་བཙུགས་ཤིང་། མཉམ་ལས་ཁང་གིས་སྟར་ཀ་འཚོང་བའི་འགན་ཁུར། མིག་སྔར། གྲོང་སྡེ་ཡོངས་ཀྱི་ཁྱིམ་ཚང་72མཉམ་ལས་ཁང་དུ་ཞུགས་ཡོད།

         ཉེ་བའི་ལོ་ཤས་རིང་། བཙན་ལྷ་རྫོང་པ་ཅའོ་གྲོང་རྡལ་སྟག་སོ་གྲོང་སྡེས་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ཟབ་མོར་བཅངས་ཤིང་། རྫོང་ཨུ་དང་རྫོང་སྲིད་གཞུང་གི་རྒྱབ་སྐྱོར་འོག་སྡེ་མི་ཚོ་སྐྱེ་ཁམས་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་ལམ་བུར་བསྐྱོད་དང་སྐྱོད་བཞིན་ཡོད།།

རྩོམ་སྒྲིག་པ།  གཡུ་འཛོམས།