མི།

རྩོམ་པ་པོ།   ཆབ་བྲག་འཁྱམས་པོ། དུས་ཚོད།   2020-10-16   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

རྣོ་དབལ་ལྡན་པའི་ཤེས་རབ་རལ་གྲི་ཡིས།།

བདག་འཛིན་སྡོང་བོ་གཅོད་པར་མ་བྱས་ན།།

བློ་དང་སྙིང་སྟོབས་རང་ལ་ལྡན་འདོད་ཅིང་།།

དོན་ལ་ང་ཚོས་ཅི་ཞིག་བྱེད་བཞིན་གདའ།།

འདུས་བྱས་ཆོས་རྣམས་སྐད་ཅིག་ཁོ་ན་ཞེས།།

དབྱངས་སུ་ཡང་ཡང་གྱེར་བ་བདེན་ན་ཡང་།།

ད་དུང་བདག་འཛིན་བྲག་གི་རང་གཤིས་ལ།

འགྱུར་བ་ཅུང་ཙམ་མེད་འདི་མི་མཚར་རམ།།

ཁ་ཡག་ངོ་བསྟོད་རྫུན་གཏམ་བྲིན་དུས་འདིར།།

ཁ་ལ་གང་ཡོང་ཐམས་ཅད་བཤད་རྐྱང་མིན།།

ཁ་རྒོད་བདག་འདྲའི་གླེན་པ་ཁ་ཅིག་གིས།།

ཁ་རྩོད་རྫོགས་རྒྱུ་མེད་པ་བྱེད་ཅིང་སྲིད།།

སློབ་སྦྱོང་ལས་ལ་ལོ་འགར་བརྩོན་ཙམ་གྱིས།།

ལེགས་ཉེས་བླང་དོར་ཤེས་ཡོད་འདོད་པ་འཁྲུལ།།

ཤེས་རབ་ནང་ན་ཤེས་རབ་ཕུལ་མཆོག་སོགས།།

ཡོད་པ་གསལ་ལེར་ངེས་དགོས་རིག་བཟང་བུ།།

གང་བཟང་འདི་ངན་ཟེར་ལ་དགའ་མཁན་ཚོས།།

རྣམ་ཤེས་ཕྲ་མོར་གཤོག་པ་མེད་རབས་ཟེར།།

ལ་ལས་གང་སར་འཕུར་བ་འགོག་དཀའ་ཟེར།།

དོན་ལ་གང་བདེན་ཡང་ཡང་དཔྱད་རོགས་ཞུ།།

རང་ལ་རང་ཚུགས་མེད་པའི་ཉིན་མོ་ནས།།

དེ་ནི་ནམ་ཡང་གཞན་གྱི་བྲན་གཡོག་ཡིན།།

ལས་ཀ་འདི་ལ་དཀའ་ངལ་སྣ་ཚོགས་ཡོད།།

འདོད་པ་མེད་ན་རིག་པའི་གནས་ལ་བརྩོན།།

གནའ་མཁར་ཟི་ལིང་ཞེས་བྱའི་གྲོང་ཁྱེར་ནས།།

བདེན་གཏམ་དྭངས་གཙང་འོ་ཇ་དཀར་པོ་འདི།།

ཕྱོགས་མེད་འགྲོ་བའི་ཞལ་ལ་ཕངས་མེད་མཆོད།།

བཀྲ་ཤིས་དགའ་སྟོན་དཔལ་ལ་སྤྱོད་གྱུར་ཅིག།

རྩོམ་སྒྲིག་པ།  གཡུ་འཛོམས།