དམངས་ཆེན་འཐུས་མིས་མཛོད་དགེའི་གཞུང་ལམ་ལ་ལྟ་ཞིབ་གནང་།

རྩོམ་པ་པོ།   དུས་ཚོད།   2020-10-15   རྩོམ་ཁུངས།    མཛོད་དགེ་རྫོང་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས་ཀྱི་གཞུང་ཕྱོགས་འཕྲིན་ཕྲན།

            ཟླ༡༠བའི་ཚེས༡༣ཉིན། རྒྱལ་ཡོངས་དང་ཞིང་ཆེན་ཁུལ་བཅས་ཀྱི་དམངས་ཆེན་འཐུས་མིའི་ལྟ་ཞིབ་ཚོགས་པ་མཛོད་དགེར་ཡོང་སྟེ། རྫོང་གི་གཞུང་ལམ་འཛུགས་སྐྲུན་དང་བདག་སྐྱོང་ལས་ཀར་ལྟ་ཞིབ་གནང་། རྫོང་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་ཁྲེན་ཝན་ལི་དང་རྫོང་དཔོན་གཞོན་པ་ལི་ཞུའེ་ཡན་གཉིས་ཀྱིས་ལྟ་ཞིབ་ཁྲོད་འགྲོ་རོགས་གནང་།

          དམངས་ཆེན་འཐུས་མི་དག་སྔ་རྗེས་སུ་རྔ་བའི་གཞུང་ལམ་ཐང་སྐོར་བདག་སྐྱོང་དོ་དམ་ས་ཚིགས་དང་། ཐང་སྐོར་དང་མཚོ་ཁྲའི་ལམ་ཁུལ་དུ་བསྐྱོད་དེ། ཡུལ་དངོས་ནས་མཛོད་དགེ་རྫོང་གི་གཞུང་ལམ་འཛུགས་སྐྲུན་དང་བདག་སྐྱོང་ལས་ཀར་ལྟ་ཞིབ་གནང་། ལྟ་ཞིབ་བྱེད་གནས་སོ་སོར་འཐུས་མི་རྣམས་ཀྱིས་འབྲེལ་ཡོད་འགན་འཁུར་བའི་གཞུང་ལམ་བདག་སྐྱོང་ལས་ཀའི་གནས་ཚུལ་མཚམས་སྦྱོར་ལ་མཉན་ཏེ། གཞུང་ལམ་བདག་སྐྱོང་མི་སྣ་བཀོད་སྒྲིག་དང་དོ་དམ་ལས་འགན། གྲོན་དངུལ་དོན་འཁྱོལ་གནས་ཚུལ་སོགས་རྒྱུས་ལོན་ཞིབ་མོར་གནང་། 

       ལྟ་ཞིབ་བརྒྱུད་འཐུས་མི་རྣམས་ཀྱིས་མཛོད་དགེའི་གཞུང་ལམ་བདག་སྐྱོང་ལས་ཀའི་གྲུབ་འབྲས་དངོས་སུ་མཐོང་བར་མ་ཟད། ས་བབ་མཐོ་བའི་ས་ཁུལ་གྱི་གཞུང་ལམ་བདག་སྐྱོང་ལས་ཀའི་དཀའ་གནད་ལེགས་པར་རྟོགས་རྗེས། ཚང་མས་མཛོད་དགེའི་གཞུང་ལམ་བདག་སྐྱོང་ཐབས་ལམ་ལེགས་ཤིང་སྒྲིག་ཆས་ཆ་ཚང་ཡིན་པས། འཛུགས་སྐྲུན་མ་དངུལ་གྲོན་ཆུང་བྱེད་ཐུབ་པར་མ་ཟད་ཁ་ལོ་བ་དང་འགྲུལ་བར་སྣ་མང་ཅན་གྱི་ཞབས་ཞུ་འདོན་སྤྲོད་གནང་ཡོད་པས། ལས་ཀའི་ཉམས་མྱོང་ལ་སློབ་སྦྱོང་བྱེད་འོས་པར་བསྟན།

      ལྟ་ཞིབ་ཁྲོད་དམངས་ཆེན་འཐུས་མི་རྣམས་ཀྱིས་ད་དུང་མཛོད་དགེ་རྫོང་གི་འགྲིམ་འགྲུལ་སྐྱེལ་འདྲེན་ལས་དོན་ཐད་ཚད་མཐོའི་གདེང་འཇོག་གནང་ཡོད། ཞོར་དུ་རྫོང་གིས་ཏང་གི་སྐབས༡༩བའི་ཚོགས་ཆེན་གྱི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་པའི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་སློབ་སྟོན་ལ་སློབ་སྦྱོང་བྱས་ཏེ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱེད་པ་དང་། རྫོང་ཡོངས་ཀྱི་ལས་རིགས་སོ་སོ་འཕེལ་རྒྱས་ལ་སྐུལ་འདེད་གནང་བ་དང་། ལྷག་ཏུ་གཞུང་ལམ་ཉམས་གསོ་དང་གཞུང་ལམ་བདག་སྐྱོང་ལས་དོན་ལག་ལེན་དོན་འཁྱོལ་གྱིས་དམངས་ཕན་གྱི་བྱ་བ་དོན་དུ་གཉེར་དགོས་པར་བླང་བྱ་བཏོན།

རྩོམ་སྒྲིག་པ།  ཚེ་པེ།