སེམས་ཅན་དེ་དག

རྩོམ་པ་པོ།   མཛངས་འཛུམ།དུས་ཚོད།   2020-10-15   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

གྲང་ཤི་ལྟོགས་ཤི་གྲིས་ཤི།

ལ་རོ་ལུང་རོ་ཆུ་རོ།།

གླུ་ལེན་བྲོ་འཁྲབ་ཀི་འདེབ།།

བརྗེད་པ་སྐྲག་པ་གཉིད་པ།།

སྐྱོ་བ་ངུས་པ་འཚབ་པ།།

ཟོས་པ་གཉང་བ་སྐུང་བ།།

འཁོན་པ་ཁྲོ་བ་སྡང་བ།།

འཛུམ་པ་བཅོས་པ་འདྲོག་པ།།

ལས་འབྲས་རྒྱུ་རྐྱེན་མཐའ་དག།

གནམ་ནས་ལྷུང་བར་རློམ་ཞོག།

རྒུད་པ་སྒྲུང་གི་ཁ་བྱང་།།

ངག་ལ་སྐྱོར་ཚུལ་འདར་འདར།།

ལྷ་ཚུགས་ཡག་པོ་འཇའ་རེད།།

འཇའ་སྣེ་ཟིན་རྒྱུ་མི་འདུག།

སེམས་གཤོང་གཙང་བོའི་རབ་ཁར།།

མུན་པ་སྔར་ལས་སྟུག་གོ།

ཁ་བདེ་ལྕེ་རྣོ་ཞིག་གམ།།

ཀླད་བདེ་མགོ་གྲུང་ཞིག་གིས།།

འདས་སོང་ལོ་ཟླའི་བརྗེད་བྱང་།།

བསྐྱར་འབྲི་ལན་གཅིག་བྱོས་ཤོག།

མི་ཡི་རྐང་རྗེས་ནང་ལ།།

ལྷ་སྐུ་འཕྲུལ་སྐུ་མ་བཞེངས།།

དཀའ་སྡུག་ལས་ཀྱི་འབྲས་བུ།།

སྤྲུལ་འཕྲུལ་བཀོད་པར་འདོད་ཚེ།།

ཕར་སོང་སྐྱ་མི་དེ་ཚོའི།།

ནང་སེམས་གྲང་མོའི་རེ་རྩེར།།

ལྷགས་རླུང་ལྡང་བས་ལོས་སྐྱོ།།

ཧ་ཅང་སྐྱིད་མདོག་བཤད་དུས།།

དྲིན་གྱི་བུ་ལོན་འཇལ་ས།།

ནོར་འགྲོའི་སེམས་ཁྲལ་ལྕི་མོ།།

ས་གནམ་བར་ན་ལྷག་ཡོད།།

སྦྱིན་པའི་ཕྱི་ཤོམ་མཛའ་མོ།།

ཡང་སྙིང་གཏམ་རྒྱུད་མང་བ།།

གཡང་མོ་ལུག་ལ་འཆད་རུང་།།

རྩྭ་འཛོམས་ཆུ་འཛོམས་ཡིན་ན།།

ཡིད་སེམས་འགུ་ལུགས་དེ་འོ།།

རྩོམ་སྒྲིག་པ།  ཚེ་པེ།