སྙན་ངག་མ་ཕྲིས་པའི་ཉི་མ་དེ་དག

རྩོམ་པ་པོ།   དུས་ཚོད།   2020-10-15   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

སྙན་ཚོམ།〈1〉

1

དུས་ཚོད་ཀྱིས་ཉེ་བ་དག་ཉེ་བར་བཏུད་ཅིང་།

རིང་བ་དག་རིང་བར་བཏང་སོང་བས།

ད་ནི་གཞི་ནས་འདུ་བྲལ་གྱི་སྙིང་བོ་རྙེད་དགོས་པའི་དུས་སུ་སླེབས་འདུག

2

བརྩེ་དུང་ནི་ཆག་ཀྲུམ་ཤོར་བའི་མེ་ལོང་ཞིག་སྟེ།

གཅིག་གི་བསམ་གྱིས་ཐང་ལ་གཡུག་པར།

གཅིག་གི་ནན་གྱིས་ལྷུ་ཁ་སྒྲུག་པ་དེ་ལྟར་རོ།།

3

འཚོ་བ་ནི་ངུས་མཐར་དགོད་ངེས་པ་ཞིག་དང་།

བགད་མཐར་ངུ་སྲིད་པ་ཞིག་ཡིན་པས།

བདེ་སྐྱིད་ཀྱང་དེ་གཉིས་ཀྱི་བར་ཐག་ཨེན་ཙམ་པོ་དེའོ།།

4

མི་ཚེ་ནི། ལས་ཀྱིས་གནང་བ་དེ་དག་དང་།

ལས་ཀྱིས་ཤོར་བ་དེ་དག དེ་དག་གོ།།

5

མ་གཞི། ལོ་དེའི་དབྱར་ཁར།

ངས་མི་སེམས་ཀྱི་སྐྱོ་གདུང་བླ་ལྷག་ཅིག་ཁོག་ལ་བཅུག་ནས།

ལས་དབང་གི་མནར་གཅོད་དང་དུ་བླངས་པ་ཡིན།

དེ་ནས་བཟུང་། ང་གཞི་ནས་འགྱུར་སོང་།

མ་རེད། ངའི་ནང་སེམས་གཞི་ནས་འགྱུར་སོང་།

6

ད་ནས་བཟུང་། ཁྱོད་རང་བར་ཆད་གང་གིས་ཀྱང་མི་ཐུབ་པར།

བདག་སྙིང་གི་བྲག་རིའི་ངོས་སུ།

ཨུ་ཚུགས་དང་བློ་སྤོབས་ཀྱིས།

རྡུལ་དང་རྡོ་བ་གཏོར་ནས་སྐྱེས་ཤོག་ཀྱེ།

7

མེ་ལྕེ་དྲག་ཏུ་འབར། ཇེ་དྲག་ནས་ཇེ་དྲག་ཏུ་གྱུར།

དོན་ལྔ་སྣོད་དྲུག་ཀྱང་རེ་རེ་བཞིན་ཚིག

མཐར་ཐལ་དང་རླངས་པར་གྱུར།

གསོན་པོར་གནས་པ་དག་གི་སེམས་སུ།

ད་གཟོད་ཚེ་སྲོག་ཅིག་གི་དུས་ཚོད་གཞི་ནས་རྫོགས་པར་གྱུར།

8

ཕ་ཡུལ་ནི། ཁ་ཚིག་བརྟན་པའི་བུ་མོ་ཞིག་གི།

ཞེ་འདང་དང་རེ་སྒུག་ཡིན་པས།

དུས་ནམ་ཞིག་གི་ཚེ་ན།

ཕ་ཡུལ་གྱི་ས་སྲོད་དང་ཞོགས་པ་ཁོ་ན།

འཚོ་བའི་ཁེར་རྐྱང་དང་དཀའ་སྡུག་ཞུ་ས་ཡིན།

9

འཇིག་རྟེན་འདིའི་རྟག་བརྟན་ཁོ་ན་ནི་འཆི་བ་རེད།

ནམ་ཞིག་འུ་གཉིས་ཀྱང་།

བྱེའུ་གཉིས་ཀྱི།

གཤོག་རྡང་འཐོར་བ་བཞིན།

གྱེས་དགོས་ཨང་།

10

མ་གཞི་འཇིག་རྟེན་ན་ཁྱིམ་ལས་ལྷག་པ་ཞིག་མི་འདུག

ཁྱིམ་ཞེས་པ་ནི་ཕ་མ་གཉིས་པོས་ང་ཚོ་ལ་གནང་བའི།

བདེ་སྐྱིད་དཔག་ཏུ་མེད་པའི་བརྩེ་དུང་གི་གྲུ་ག་དེ་ཡིན་འདུག

11

ཁྱོད་རང་ཐོལ་བྱུང་སྤྲིན་གྱི་སྙེ་མ་རང་མ་ཡིན།།

འདུ་བྲལ་སེམས་བྱུང་གཏམ་གྱི་རི་མོ་ཡང་མ་ཡིན།།

གང་ནས་འཕྲད་པ་དེ་གའི་བལ་གདན་གྱི་འཇམ་ཁ།།

བསམ་ཤིང་ཡིད་ཁམས་གསོ་བའི་སྨན་གཞོང་གི་བདུད་རྩི།།

12

ཅི་ཡང་ཡོད་ལ་ཅི་ཡང་མེད་པའི་ལོ་ཟླ་དག་ཏུ།

འཚོ་བ་རི་བཞིན་ལྕི། མི་ནི་སྤུ་བཞིན་ཡང་།

13

ད་ལྟ། ངས་ཁྱེད་ལ་དབྱར་གྱི་དྲན་པ་གསོས་ཆོག

དུས་ཚིགས་དེ་ཉིད་མི་སེམས་ཀྱི།

དགའ་སྐྱོ་དང་འབྲེལ་བ་མེད་པར།

སླར་ཡང་སླེབས་ངེས་པས།

ཁྱེད་ཀྱིས་མེ་ཏོག་གི་མགུལ་རྒྱན་དེ་ཉིད།

ང་ལ་གནང་ཆོག་པར་ཞུ།

14

མུན་པ་རབ་ཏུ་མཐུག

ཁྱོད་ཀྱི་མིག་ཟུང་གིས་འོད་སྣང་མི་མཐོང་བས།

དེ་ཉིད་དགོས་པ་མེད་པའི་ཡན་ལག་ལྷག་མ་ཞིག་རེད་བཞག

དེ་ལྟ་ནའང་། ཁྱོད་ཀྱིས་རང་གི་མིག་ཟུང་འདོར་བར་མི་སྤོབས་ཨང་།

15

ངས་ནི་མུན་ནག་གི་ལྭ་བ་གྱོན་མེད་ཀྱང་།

ཁྱོད་ཀྱི་དཀར་གསལ་གྱི་འཇིག་རྟེན་དུ།

ང་ནི་རྒྱབ་ཡོལ་གང་གིས་མོག་པོར་བསྒྲིབས་ཡོད་ཨང་།

རྩོམ་སྒྲིག་པ།  ཚེ་པེ།