རྔ་བ་རྫོང་གིས་བཟའ་བཅའི་བདེ་འཇགས་ཀྱི་གསོ་སྦྱོང་བྱེད་སྒོ་སྤེལ།

རྩོམ་པ་པོ།   དུས་ཚོད།   2020-10-15   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

           རྔ་བའི་གསར་འགྱུར་དྲ་བའི་འཕྲིན། (གསར་འགོད་པ་ཚེ་རིང་ལྷ་མོ།) ཟླ་10ཚེས་13ཉིན། རྔ་བ་རྫོང་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱིས་བཟའ་བཅའི་བདེ་འཇགས་ཀྱི་གསོ་སྦྱོང་བྱེད་སྒོ་སྤེལ། རྫོང་ཡོངས་ཀྱི་བཅའ་སྡོད་སློབ་གྲྭ་ཆུང་འབྲིང་དང་། བྱིས་གཉོར་ཁང་། གྲོང་སྡེའི་སློབ་ཆུང་བཅས་ཀྱི་འགན་ཁུར་མི་སྣ་དང་ཟ་ཁང་གི་དོ་དམ་མི་སྣ། རྫོང་མཁར་དུ་ཡོད་པའི་གཞི་ཁྱོན་ཅུང་ཆེ་བའི་ཟ་ཁང་གི་བདག་གཉེར་པ་སོགས་ཐེངས་འདིའི་གསོ་སྦྱོང་བྱེད་སྒོ་རུ་ཞུགས་ཡོད། 

        རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་བཟའ་བཅའི་བདེ་འཇགས་ཀྱི་གསོ་སྦྱོང་བྱེད་སྒོ་ནི་ཉིན་3གྱི་རིང་དུ་སྤེལ་རྒྱུ་རེད། ཐེངས་འདིའི་གསོ་སྦྱོང་བྱེད་སྒོ་སྤེལ་བའི་དམིགས་ཡུལ་གཙོ་བོ་ནི་རྫོང་ཡོངས་ཀྱི་བཟའ་བཅའི་བདེ་འཇགས་ཀྱི་ཆུ་ཚད་སྔར་བས་ཇེ་མཐོ་རུ་གཏོང་བ་དང་། བཟའ་བཏུང་ལས་གཉེར་བྱེད་མཁན་གྱི་བཟའ་བཅའི་བདེ་འཇགས་ཀྱི་འདུ་ཤེས་ཇེ་མཐོ་རུ་གཏོང་རྒྱུ་དེ་ཡིན། 

        གསོ་སྦྱོང་དུ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཟའ་བཅའི་བདེ་འཇགས་བཅའ་ཁྲིམས》དང་། 《བཟའ་བཏུང་ཞབས་ཞུའི་ཟས་རིགས་ཉེན་མེད་བཀོལ་སྤྱོད་ཚད་གཞི 》དང་། 《སློབ་གྲྭའི་བཟའ་བཅའི་བདེ་འཇགས་དང་འཚོ་བཅུད་བདེ་ཐང་གི་དོ་དམ 》དང་། 《སི་ཁྲོན་ཞིང་ཆེན་གྱི་སློབ་གྲྭ་ཆུང་འབྲིང་གི་བཟའ་བཅའི་བདེ་འཇགས་དོ་དམ་བྱེད་ཐབས》བཅས་ཡིག་ཆ་གཙོ་བོར་བཟུང་ནས་གསོ་སྦྱོང་་གཏིང་ཟབ་མོ་སྤེལ།  

        བྱེད་སྒོ་རུ་གཞན་ད་དུང་སི་ཁྲོན་ཞིང་ཆེན་ཚོང་རའི་ལྟ་སྐུལ་དོ་དམ་ཅུས་ཀྱི་བདེ་འཇགས་སྤྱི་ཁྱབ་ལྟ་ཞིབ་པ་ཝུའུ་རུའེ་ཡིས་ཞིང་ཆེན་ཡོངས་ཀྱི་ཟས་རིགས་གཉེར་སྐྱོང་ཐད་ཀྱི་ཉེན་ཁ་ཞིབ་བཤེར་བཅོས་སྒྲིག་ལས་ཀའི་དྲྭ་ལམ་ཚོགས་འདུ་རུ་གནང་བའི་གསུང་བཤད་ཀྱི་དགོངས་དོན་ལ་སློབ་སྦྱོང་བྱས་པར་མ་ཟད། ཀྲུང་དབྱང་དང་ཞིང་ཆེན། ཁུལ་བཅས་ཀྱི་འབྲི་ཆུ་དང་རྨ་ཆུ་བཞུར་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོང་སྐོར་གྱི་འབྲེལ་ཡོད་དགོངས་དོན་ལ་ཡང་སློབ་སྦྱོང་རབ་དང་རིམ་པ་བྱས། 

རྩོམ་སྒྲིག་པ།  གཡུ་འཛོམས།