སྐར་རིམ་གདེང་འཇོག་ནི་དབུལ་བྲལ་ལས་ལ་བརྩོན་པའི་སྐུལ་ལྕག་ཡིན།

རྩོམ་པ་པོ།   རྡོ་རྗེ་དཔལ།དུས་ཚོད།   2020-10-15   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

           ཟླ་10ཚེས་7ཉིན། ཆར་བ་ཟམ་ཟིམ་ཁྲོད། གསར་འགོད་པ་ཧུང་ཡོན་རྫོང་སྦྲ་ཆེན་གྲོང་རྡལ་གྱི་ལས་བྱེད་པ་དབྱང་ཞིའུ་ལི་དང་འགྲོགས་ནས་སྐ་གཞོང་ཚོང་ཁང་དུ་ཐོན། དབྱང་ཞིའུ་ལིས་ཉེ་ཆར་ཚོང་བཟང་ངམ། ལོ་མཇུག་གི་སྐར་རིམ་གདེང་འཇོག་རན་ལ་ཡོད་པས། སྐར་རིམ་ལྔ་ལེན་པར་བརྩོན་དགོས་ཞེས་ཚོང་བདག་ཚེ་རིང་སྐྱིད་ལ་ཁ་བརྡ་གྲོལ།

          ལོ་ན་33ལོན་པའི་ཚེ་རིང་སྐྱིད་ནི་ཡིག་ཚགས་བཀོད་ཅིང་བྱང་བུ་བཟོས་པའི་དབུལ་ཁྱིམ་ཞིག་ཡིན་ལ། སྐར་རིམ་གདེང་འཇོག་གི་སྒྲིག་སྲོལ་ལས་ཚོང་ལས་གཉེར་བའི་མི་སྣ་ཞིག་ཀྱང་ཡིན། 2016ལོར་མཉམ་ལས་ཁང་གིས་དབུལ་ཁྱིམ་ཡིན་ན་མ་རྐང་ལ་སྒོར་1000ཕུད་ན་ཆོག་པའི་ཐག་བཅད་པར་མ་ཟད། གྲོང་སྡེའི་ལས་བྱེད་པས་ཚེ་རིང་སྐྱིད་ལ་མ་རྐང་འཇོག་པའི་དོན་དག་བགྲོས་ཀྱང་། མོས་ཁ་གཡར་ས་སྣ་ཚོགས་བཙལ་ནས་ཐེངས་མང་བོར་མ་རྐང་འཇོག་ཁར་མ་ཉན། རི་རྒན་གྲོང་སྡེའི་ཧྲུའུ་ཅི་དང་བོ་ཞུང་ཧྭ་མིང་གིས་གསར་འགོད་པར་མང་ཚོགས་ཀྱིས་དབུལ་བྲལ་ཐད་སྟོབས་ཤུགས་གདོན་ཆེད། གྲོང་རྡལ་གྱི་ལས་བྱེད་པ་དང་མཉམ་དུ་བགྲོས་ནས་སྐར་རིམ་གདེང་འཇོག་གི་ཐབས་འདི་བཏོན་པ་ཡིན། 2017ལོར། རི་རྒན་གྲོང་སྡེ་ནས་ཧུང་ཡོན་རྫོང་གི་སྐར་རིམ་གདེང་འཇོག་གི་ཚོད་ལྟ་ཐོག་མར་སྤེལ།

          སྐར་རིམ་གདེང་འཇོག་ཅེས་པ་ནི་དབུལ་ཁྱིམ་རེའི་དྲིན་གཟོའི་བསམ་པ་དང་ལས་བརྩོན་ཕྱུག་སྒྱུར། གཞུང་དྲང་ཚིག་བརྩི། སྒྲིག་བརྩི་ཁྲིམས་སྲུང་། གཙང་སྦྲ་བཟང་བ། སློབ་གསོར་རོགས་སྐྱོར། བཟའ་ཚང་འགྲིག་མཐུན་བཅས་ཀྱི་ཚད་གཞི་ལྟར་སྐར་རིམ་གཏན་ལ་འབེབ་པ་ཡིན་ལ། སྐར་རིམ་གཅིག་ནས་ལྔ་བར་གྱི་གདེང་འཇོག་ལམ་ལུགས་ཡོད། སྦྲ་ཆེན་གྲོང་རྡལ་ཏང་ཨུའི་ཧྲུའུ་ཅི་བློ་བཟང་བཀྲ་ཤིས་ཀྱིས་སྐར་རིམ་ལྔ་ཅན་གྱི་དབུལ་ཁྱིམ་ལའང་ཡར་ཐོན་སྐར་རིམ་དང་ལས་བརྩོན་སྐར་རིམ། ཚོང་གཉེར་སྐར་རིམ། ཁྲིམས་བརྩི་སྐར་རིམ། འཕྲོད་བསྟེན་སྐར་རིམ། སློབ་གསོའི་སྐར་རིམ། འགྲིག་མཐུན་སྐར་རིམ་བཅས་སུ་ཕྱེས་ཡོད་ཅེས་ངོ་སྤྲད།

         ཚེ་རིང་སྐྱིད་ཀྱིས་གྲོང་སྡེའི་ཧྲུའུ་ཅི་དང་བོ་དང་སྡེ་སྡོད་ལས་བྱེད་རུ་ཁག་བཙལ་ནས་དབུལ་བྲལ་ལ་འབད་འདོད་པའི་རེ་བ་བཤད། མོས་ཉེ་འཁོར་གྱི་ཁྱིམ་མཚེས་རྣམས་ཀྱིས་སྐར་རིམ་ལེན་པར་བརྩོན་ཞིང་། བྱ་དགའ་ཐོབ་པ་མཐོང་དུས། རང་ཉིད་ལའང་བརྩོན་སེམས་སྐྱེས་བྱུང་ཞེས་གསར་འགོད་པར་བཤད།

         གྲོང་སྡེའི་ཧྲུའུ་ཅི་དང་བོ་དང་སྡེ་སྡོད་ལས་བྱེད་རུ་ཁག་གིས་ཚེ་རིང་སྐྱིད་ལ་དབུལ་སྐྱོར་དངུལ་བུན་ལེན་ཐབས་སོགས་ལ་བརྟེན་ནས་ཚོང་ཁང་ཞིག་ཕྱེས་ན་འགྲིག་པའི་བསམ་ཚུལ་བཏོན། སྐ་གཞོང་ཚོང་ཁང་གི་སྒོ་ཕྱེས་པ་ནས། མོས་བློ་གཅིག་སེམས་གཅིག་གིས་ཚོང་གཉེར་ལ་འབད། 2019ལོར་ཚེ་རིང་སྐྱིད་ཚང་སྐར་རིམ་ལྔ་ཅན་གྱི་དབུལ་ཁྱིམ་དུ་བདམས་ཤིང་། གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གིས་མོ་ལ་འཁོར་སྐྱོད་དར་དམར་སྤྲད་པར་མ་ཟད། བྱ་དགའ་སྒོར་3000སྟེར་ནས་འབྲི་ཞིག་ཉོས། ད་ལྟ། ཚེ་རིང་སྐྱིད་ཚང་ལ་ནོར་གནག་13ཡོད་ལ། ལོ་རེའི་ཡོང་འབབ་སྒོར་70000ཡོད།

        སྐར་རིམ་གདེང་འཇོག་གི་སྒྲིག་སྲོལ་འོག 2017ལོར་རི་རྒན་གྲོང་སྡེ་དབུལ་ཕོངས་ལས་ཐར་ཡོད།

        2018ལོར། ཧུང་ཡོན་རྫོང་གིས་སྒོར་ཁྲི་180བཏང་ནས་སྐར་རིམ་གདེང་འཇོག་གི་སྐུལ་སློང་ཐེབས་རྩ་བཙུགས་ཏེ། རྫོང་ཡོངས་སུ་སྐར་རིམ་གདེང་འཇོག་རྒྱ་ཁྱབ་ཏུ་སྤེལ། མིག་སྔར། ཧུང་ཡོན་རྫོང་ལ་སྐར་རིམ་ལྔ་ཅན་གྱི་ཁྱིམ་ཚང་222དང་སྐར་རིམ་བཞི་ཅན་གྱི་ཁྱིམ་ཚང་462ཡོད་ལ། བྱ་དགའ་སྟེར་བའི་དངོས་ཟོག་གི་རིན་གོང་སྒོར་ཁྲི་66.6ཡིན། དེ་མིན་ཧུང་ཡོན་རྫོང་གིས་སྐར་རིམ་ལེན་འཇོག་དང་འཕར་འབེབ་སོགས་ཀྱི་ཐབས་ལ་བརྟེན་ནས་དབུལ་ཁྱིམ་238ལ་ཐག་ཆོད་ནན་མོ་བྱས། དེའི་ཁྲོད་ཁྱིམ་ཚང་216གི་རྣམ་འགྱུར་བཟང་ལ་བརྩོན་སེམས་ཆེ་བས་སྔ་སེ་ནས་སྐར་རིམ་སླར་གསོ་བྱས་ཡོད།

རྩོམ་སྒྲིག་པ།  ཚེ་པེ།