ཞི་ཅིན་ཕིང་གིས་མཚོ་དམག་སྐམ་འཐབ་རུ་ཁག་ལ་གཟིཊ་གནང་བ།

ཞི་ཅིན་ཕིང་གིས་མཚོ་དམག་སྐམ་འཐབ་རུ་ཁག་ལ་གཟིགས་ཞིབ་གནང་སྐབས། བརྗེ་སྒྱུར་འཛུགས་སྐྱོང་བྱེད་མགྱོགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། དམག་འཐབ་ནུས་པ་གང་མགྱོགས་མཐོར་བཏང་ཐོག་མཉམ་འགྲིལ་ནུས་མང་གི་ལན་ཆ་མགྱོགས་པའི་དཔུང་ཁག་གཅིག་ཧུར་ཐག་གཏོད་དེ་ས་ཁོངས་ཧྲིལ་པོར་སྤྱོད་ཐུབ་པའི་དམག་ཧྲག་གསོ་སྐྱོང་བྱ་དགོས་ཞེས་ནན་སྟོན་གནང་བ།

རྩོམ་པ་པོ།   དུས་ཚོད།   2020-10-14   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

          སྤྱི་ཚེས་13ཉིན།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།   རྒྱལ་ཁབ་ཀྱི་ཀྲུའུ་ཞི།  ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཚོ་དམག་སྐམ་འཐབ་རུ་ཁག་ལ་གཟིགས་ཞིབ་གནང་བར་ཕེབས་ཡོད།  ཁོང་གིས།   མཚོ་དམག་སྐམ་འཐབ་རུ་ཁག་ནི་སྐམ་མཚོ་གཉིས་ཀར་དམག་འཐབ་ཐུབ་པའི་སྟོབས་ཤུགས་ཤིག་ཡིན་ཞིང་།   རྒྱལ་ཁབ་ཀྱི་བདག་དབང་བདེ་འཇགས་དང་མངའ་ཁོངས་ས་ཆ་ཆ་ཚང་ལ་སྲུང་སྐྱོང་བྱེད་པ། རྒྱལ་ཁབ་ཀྱི་རྒྱ་མཚོའི་ཁེ་དབང་ལ་སྲུང་སྐྱོང་བྱེད་པ།  རྒྱལ་ཁབ་ཀྱི་ཕྱི་རྒྱལ་དུ་ཡོད་པའི་ཁེ་ཕན་ལ་སྲུང་སྐྱོང་བྱེད་པ་སོགས་ཀྱི་ཐད་ལས་འགན་གལ་ཆེན་སྒྲུབ་བཞིན་ཡོད།   དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེན་འཛུགས་སྐྱོང་བྱེད་པའི་དགོངས་པ་ལག་བསྟར་དང་།   དུས་རབས་གསར་པའི་དམག་དོན་འཐབ་ཇུས་མཛད་ཕྱོགས་ལག་བསྟར་བྱེད་པ།   མཚོ་དམག་སྐམ་འཐབ་རུ་ཁག་འཛུགས་སྐྱོང་དོ་དམ་དང་དམག་འཐབ་བེད་སྤྱོད་བྱེད་པའི་ཁྱད་ཆོས་ཀྱི་ཆོས་ཉིད་ཁོང་དུ་ཆུད་པ།   བརྗེ་སྒྱུར་འཛུགས་སྐྲུན་གང་མགྱོགས་བྱ་རྒྱུར་སྐུལ་འདེད་གཏོང་བ།   དམག་འཐབ་ནུས་པ་གང་མགྱོགས་མཐོར་གཏོང་བཅས་ཀྱི་ཐོག་ནས།   མཉམ་འགྲིལ་ནུས་མང་དང་།  ལན་ཆ་མགྱོགས་པ།  ས་ཁོངས་ཧྲིལ་པོར་སྤྱོད་ཐུབ་པའི་དམག་ཧྲག་གཙོ་སྐྱོང་བྱ་དགོས་ཞེས་ནན་སྟོན་གནང་ཡོད།

          སྟོན་གྱི་ཁྲའོ་ཧྲན་ས་གཞི་རི་ཆུ་ཟུང་དུ་འབྲེལ་ཞིང་།   ཡུལ་ལྗོངས་ལྟ་ན་སྡུག    སྔ་དྲོའི་ཆུ་ཚོད་10དང་སྐར་མ་40ཐོག  ཞི་ཅིན་ཕིང་གིས་མཚོ་དམག་སྐམ་འཐབ་རུ་ཁག་གི་ལས་ཁུངས་སུ་ཕེབས་ནས།   ཐལ་མོའི་རྡེབ་སྒྲའི་ཁྲོད།    ཞི་ཅིན་ཕིང་གིས་མཚོ་དམག་སྐམ་འཐབ་རུ་ཁག་གི་ལུའེ་ཤོག་ཡན་གྱི་དམག་དཔུང་གི་དཔོན་པོ་གཙོ་བོ་དང་ལས་ཁུངས་ཀྱི་ཁྲུའུ་ཀྲང་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་དང་མཛའ་བརྩེའི་མཇལ་འཕྲད་གནང་ཞིང་།   ཚང་མ་དང་དྲན་རྟེན་སྐུ་པར་བསྐྱོན་ཡོད།   མཚོ་དམག་སྐམ་འཐབ་རུ་ཁག་ནི་སྤྱི་ལོ་2017ལོར། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱིས་རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་བཀོད་ཇུས་བཀོད་སྒྲིག་ལྟར་ལེགས་སྒྲིག་བྱས་ནས་བཙུགས་པ་ཞིག་རེད།    ཞི་ཅིན་ཕིང་གིས་འགྲེམས་ངོས་བརྒྱུད་ནས་མཚོ་དམག་སྐམ་འཐབ་རུ་ཁག་གི་གཞི་རྩའི་གནས་ཚུལ་མཁྱེན་རྟོགས་གནང་ཡོད།  དེ་རྗེས།   ཞི་ཅིན་ཕིང་གིས་ལན་ཆའི་རུ་ཁག་འཛུགས་སྐྱོང་གནས་ཚུལ་སྐོར་གྱི་སྨྱན་སྦྱོར་སྣ་མང་བརྙན་མཐོང་ལ་གཟིགས་པ་མ་ཟད།  བརྙན་མཐོང་བརྒྱུད་འབྲེལ་ཡོད་ལས་འགན་ཁག་བགོས་རུ་ཁག་གིས་ཆེད་དོན་སྦྱོང་བརྡར་བྱེད་པའི་གནས་ཚུལ་ལ་གཟིགས་ཡོད།    ཞི་ཅིན་ཕིང་གིས་མཚོ་དམག་སྐམ་འཐབ་རུ་ཁག་བཙུགས་ཚུན་གྱི་འཛུགས་སྐྱོང་གོང་འཕེལ་དང་ལས་འགན་ལེགས་གྲུབ་བྱས་པའི་གནས་ཚུལ་ལ་གདེང་འཇོག་གང་ལེགས་གནང་ཡོད།   

           ཞི་ཅིན་ཕིང་གིས། གནས་ཚུལ་སྙན་སེང་ཞུས་པ་གསན་གྲུབ་རྗེས་གསུང་བཤད་གལ་ཆེན་གནང་ཡོད།  ཁོང་གིས།  མཚོ་དམག་སྐམ་འཐབ་རུ་ཁག་འཛུགས་སྐྱོང་གི་འཐབ་ཇུས་ཇུས་འགོད་ལ་ཤུགས་སྣོན་རྒྱག་དགོས་པ་དང་། རང་རྒྱལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་དང་། བདེ་འཇགས་ཡོང་བའི་འཐབ་ཇུས། དམག་དོན་གྱི་འཐབ་ཇུས་བཅས་ཀྱི་དགོས་མཁོ་དང་འཚམ་དགོས་པ་དང་། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་བའི་འཐབ་ཇུས་ཀྱི་བཀོད་སྒྲིག་དང་འཚམ་དགོས་པ། དམག་ཡོངས་ཀྱི་མཉམ་འབྲེལ་དམག་འཐབ་མ་ལག་འཛུགས་སྐྱོང་དང་མཚོ་དམག་བརྗེ་སྒྱུར་འཛུགས་སྐྱོང་གི་བླང་བྱ་དང་འཚམ་པར་བྱ་དགོས།  མཚོ་དམག་སྐམ་འཐབ་རུ་ཁག་འཛུགས་སྐྱོང་གི་དམིགས་ཚད་དང་། ཁ་ཕྱོགས། ཐབས་ལམ། གཙོ་གནད་བཅས་ཁ་གསལ་བཟོས་ནས། ལམ་ཐིག་རི་མོ་དང་ཨར་ལས་ས་བཀྲ་ཁ་གསལ་བཟོ་དགོས། རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ལ་ཞིབ་འཇུག་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས།  ཀྲུང་གོའི་ཁྱད་ཆོས་ཀྱི་མཚོ་དམག་སྐམ་འཐབ་རུ་ཁག་འཛུགས་སྐྱོང་གི་ལམ་བུ་འཚོལ་ཞིབ་བྱེད་དགོས།  རང་དམག་འཛུགས་སྐྱོང་གི་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ་བཟོ་རྒྱུའི་ལས་དོན་མགྱོགས་མྱུར་ངང་སྤེལ་བཞིན་ཡོད། མིག་སྔར་གཞི་ཚུགས་པ་དང་ཕུགས་ལ་དམིགས་ཏེ།  མངོན་གསལ་དོད་པའི་འགལ་བ་དང་དངོས་ཡོད་དགོས་མཁོར་ཞིབ་འཇུག་དང་ཐག་གཅོད་ནན་ཏན་བྱེད་པ།  ཕྱོགས་ཡོངས་ནས་མཚོ་དམག་སྐམ་འཐབ་རུ་ཁག་འཛུགས་སྐྱོང་བྱ་རྒྱུའི་ཇུས་འགོད་ཡག་པོ་བྱ་དགོས་ཞེས་ནན་སྟོན་གནང་ཡོད།   

         ཞི་ཅིན་ཕིང་གིས།  སེམས་ནུས་ཡོད་རྒུ་དམག་གྲབས་དམག་འཐབ་ཐོག་བཞག་ནས།  ཚད་མཐོའི་དོགས་ཟོན་གྱི་རྣམ་པ་རྒྱུན་འཁྱོངས་བྱེད་དགོས། མཚོ་དམག་སྐམ་འཐབ་རུ་ཁག་གི་ལས་འགན་མང་བ་དང་ནུས་པའི་བླང་བྱ་སྣ་མང་ཡིན།  དམག་འཐབ་ལ་བརྟེན་ནས་སྦྱོང་བརྡར་ལ་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་།  ལས་འགན་གྱི་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ། དམིགས་སའི་རང་བཞིན་དང་འགྲན་རྒོལ་རང་བཞིན་གྱི་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་པ།  དཀའ་ངལ་ཁྱད་བསད་ཀྱིས་དཔུང་སྡེར་སྦྱོང་བརྡར་དང་སྦྱོང་བརྡར་ནན་པོ་བྱེད་པ། དམག་འཐབ་ཀྱི་རིགས་པའི་གཞུང་ལུགས་དང་། སྦྱོང་བརྡར་བྱེད་སྟངས། ལས་འགན་ཚོགས་ཆུང་སྒྲིག་འཛུགས་སོགས་ཀྱི་ཐད་གསར་གཏོད་བྱ་རྒྱུར་སྐུལ་འདེད་བཏང་ནས།  སྦྱོང་བརྡར་གྱི་ཆུ་ཚད་དང་དངོས་འཐབ་ནུས་པ་ཆེ་རུ་གཏོང་དགོས།  ཁོངས་གཏོགས་དམག་འཐབ་སྟོབས་ཤུགས་དང་། དམག་འཐབ་སྡེ་ཚན། དམག་འཐབ་རྒྱུ་རྐྱེན་གཙོ་བོ་བཅས་མཉམ་འདྲེས་འདུས་གྲུབ་ལ་ཤུགས་སྣོན་རྒྱག་དགོས།  དམག་རིགས་གཞན་དག་གི་དམག་དཔུང་དབར་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ་དང་། འབྲེལ་ཡོད་བཀོད་འདོམས་ཀྱི་འབྲེལ་བ་དང་འགན་སྲུང་གི་འབྲེལ་བ་མཐུན་སྦྱོར་བྱེད་པ།  མཉམ་འབྲེལ་དམག་འཐབ་མ་ལག་ནང་གཏིང་ཟབ་ཞུགས་པ་བཅས་བྱ་དགོས་ཞེས་བསྟན་གནང་ཡོད། 

          ཞི་ཅིན་ཕིང་གིས།  ཏང་གིས་དམག་དཔུང་ལ་ལྟོས་མེད་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱ་དགོས། ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་ཤུགས་ཆེ་རུ་གཏོང་བ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་ཕྱོགས་ཡོངས་ནས་དམག་དཔུང་ནན་སྐྱོང་བྱ་རྒྱུར་དམ་འཛིན་ནན་པོ་བྱེད་དགོས། དམག་དཔུང་དེ་ཉིད་ལྷག་བསམ་རྣམ་དག་དང་།  ལྷད་མེད་དྭངས་གཙང་། ཡིད་རྟོན་རུང་བ་བཅས་ཡོང་བའི་འགན་ལེན་ཏན་ཏིག་བྱ་དགོས། སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ནས།  གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱེད་དགོས། མཚོ་དམག་སྐམ་འཐབ་རུ་ཁག་གི་ཁྱད་ཆོས་ལྡན་པའི་དམག་རིགས་རིག་གནས་འཛུགས་སྤེལ་བྱེད་པ་དང་། གཅིག་ནས་དཀའ་སྡུག་ལ་མི་སྐྲག་པ་དང་གཉིས་ནས་འཆི་རྒྱུར་མི་སྐྲག་པའི་འཐབ་འཛིང་གི་སྙིང་སྟོབས་གསོ་སྤེལ་བྱས་ཏེ།  དམག་དཔུང་དེ་ཉིད་ཟིལ་རྔམ་གྱིས་ཕྱུག་པ་ཞིག་ཏུ་འགྱུར་བ་བྱ་དགོས། དམག་དཔུང་ལ་སློབ་གསོ་དང་དོ་དམ་ནན་པོ་བྱས་ནས། དམག་དཔུང་ཚད་མཐོའི་གཅིག་སྡུད་གཅིག་གྱུར་དང་བདེ་འཇགས་བརྟན་ལྷིང་ཡོང་བ་རྒྱུན་འཁྱོངས་བྱ་དགོས། རིག་ལམ་དང་བྱེད་ཐབས་གསར་གཏོད་བྱས་ནས། གཞི་རིམ་དམ་འཛིན་དང་རྨང་གཞི་འདིང་བའི་ལས་དོན་ཡག་པོ་བསྒྲུབས་ཏེ། གཞི་རིམ་ཉམས་སད་ཐེག་ཐུབ་པ་ཞིག་གཏོད་དགོས། མཐུན་སྒྲིལ་དང་། མཛའ་བརྩེ། འཆམ་མཐུན། དྭངས་གཙང་བཅས་ཀྱི་ནང་ཁུལ་འབྲེལ་བ་གོང་འཕེལ་གཏོང་བ་དང་། ལྷག་བསམ་རྣམ་དག་གིས་དཔོན་དམག་ལ་བྱ་བ་དངོས་སྒྲུབ་པ་དང་། དཀའ་གནད་སེལ་བ། བྱ་བ་བཟང་པོ་སྒྲུབ་པ་བཅས་བྱས་ཏེ། རྒྱ་ཆེའི་དཔོན་དམག་གི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་འདོན་སྤེལ་གང་ལེགས་བྱ་དགོས་ཞེས་ནན་གསུངས་གནང་ཡོད། 

         མཇུག་ཏུ་ཞི་ཅིན་ཕིང་གིས།  མིག་སྔར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་ལ་སྔར་བཞིན་གཏན་འཁེལ་མེད་པའི་རང་བཞིན་ལྡན་ཡོད་པས།  རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་ལྷོད་གཡེང་སྤུ་ཙམ་མི་ཤོར་བར་དམ་འཛིན་ཡག་པོ་བྱེད་པ་དང་། ཐབས་མང་མཉམ་སྤྱོད་ཀྱིས་ལས་དོན་ཁག་ལ་སྐུལ་འདེད་གཏོང་དགོས་ཤིང་། དམག་དཔུང་འཛུགས་སྐྱོང་བྱ་རྒྱུ་དེ་རྒྱུན་ཆད་མེད་པར་མདུན་དུ་སྤེལ་དགོས་ཞེས་ནན་སྟོན་གནང་ཡོད།  

         ཞུའེ་ཆི་ལེའང་སོགས་བྱེད་སྒོར་ཞུགས་ཡོད་པ་རེད།

རྩོམ་སྒྲིག་པ།  གཡུ་འཛོམས།