ལག་འཁྱེར་ཁ་པར་ལས་རྩེད་འཇོར་རོལ་དྲགས་ན་ཡིད་མུག་པའི་ནད་འབྱུང་སླ།

རྩོམ་པ་པོ།   དུས་ཚོད།   2020-10-14   རྩོམ་ཁུངས།    ཀྲུང་གོའི་བོད་ལྗོངས་དྲ་བ།

          དེང་སྐབས་བྱིས་པ་རྣམས་སློབ་གྲྭ་གྲོལ་ནས་ཕྱིར་ཁྱིམ་དུ་ཐོན་པ་ན། ལག་འཁྱེར་ཁ་པར་བཟུང་ནས་རྩེད་འཇོར་རོལ་རྒྱུ་དེ་འགོག་ཐབས་མེད་པའི་བྱ་སྤྱོད་ཅིག་ཏུ་གྱུར་འདུག ལྷག་པར་དུ་དབྱར་གནང་དང་དགུན་གནང་གི་སྐབས་སུ། བྱིས་པ་རྣམས་སྒོའི་ཕྱི་རོལ་དུ་ཇི་ལྟར་དེད་ཀྱང་འགྲོ་མི་འདོད་པར་རང་གཅིག་པུ་ཁྱིམ་དུ་འཛུལ་ནས་ཉིན་གང་བོར་གློག་ཀླད་དང་ཁ་པར་ལས་རྩེད་འཇོར་རོལ་བར་མ་ཟད། སློབ་གྲྭ་འཚོགས་མགོ་བརྩམས་ཟིན་ནའང་ཕྱིར་སློབ་གྲྭར་འགྲོ་མི་འདོད་པས་ཁྱིམ་བདག་རྣམས་ཅི་བྱ་གཏོལ་མེད་དུ་བཟོ་བཞིན་ཡོད།       སྣང་ཚུལ་འདི་ནི་དྲ་རྒྱའི་དབྱིངས་ཞུགས་པ་ཡིན་ནམ་ཞེ་ན། མིན་ཏེ། ཆེད་མཁས་སྨན་པས་བརྟག་དཔྱད་བྱས་པ་ལྟར་ན། དེ་ནི་བྱིས་པར་ཡིད་མུག་པའི་ནད་བྱུང་བ་རེད་ཟེར།

        ཆེད་མཁས་སྨན་པས་བལྟས་ན། ཕ་མ་རྣམས་རང་རང་གི་བྱ་བར་བྲེལ་བ་ཆེ་ཕྱིར། བྱིས་པ་ཚོར་སློབ་སྦྱོང་གི་གནོན་ཤུགས་ཆེ་བས་སེམས་ཁམས་སྐྱིད་ཀྱིན་མེད་པའི་སྣང་ཚུལ་དེར་མཉམ་འཇོག་མ་བྱས་པ་དང་། རིམ་གྱིས་སློབ་སྦྱོང་གི་གྲུབ་འབྲས་ཇེ་ཞན་དུ་གྱུར་བ་དང་བསྟུན་ནས་བྱིས་པ་རྣམས་ཁ་གྲག་མི་འདོད་ཅིང་ཕ་མར་སེམས་གཏམ་བརྗོད་མི་འདོད་པར་མ་ཟད་ཁོང་ཁྲོ་ལངས་སླ་བ་སོགས་སེམས་ཁམས་བཏང་སྙོམ་མིན་པའི་གནས་ཚུལ་བྱུང་ནས་གློག་རྡུལ་རོལ་རྩེད་ཁོ་ནས་སྟེང་དུ་མགོ་འཁོར་བ་རེད་ཟེར།

        བྱིས་པ་རྣམས་གློག་རྡུལ་རོལ་རྩེད་ལ་གཡེང་དྲགས་པ་དེ་ཕ་མ་རྣམས་ཀྱི་སེམས་ཁུར་ཆེན་པོ་ཞིག་ཡིན་མོད། ཡིན་ནའང་དེ་ལས་ཀྱང་ཚབས་ཆེ་བའི་གནས་ཚུལ་ཞིག་ཡོད་པ་ནི། གློག་རྡུལ་རོལ་རྩེད་ལ་གཡེང་བ་དེ་མངོན་ཚུལ་ཤིག་དང་ཡིད་མུག་པའི་ནད་ནི་ད་གཟོད་དེའི་རྒྱུ་རྐྱེན་གཙོ་བོ་རེད། ཆེད་མཁས་སྨན་པས་བསྟན་དོན། དེང་སྐབས་ན་གཞོན་ལོ་ཆུང་མང་པོར་ཡིད་མུག་པའི་ནད་འབྱུང་ཚད་མཐོ་ཞིང་། ཚང་མར་ཐུན་མོང་གི་མཚུངས་ཆོས་ཤིག་ཡོད་པ་ནི་གློག་རྡུལ་རོལ་རྩེད་ལ་གཡེང་ནས་སེམས་ཀྱི་སྡུག་བསྔལ་ལམ་གནོན་ཤུགས་སེལ་བཞིན་ཡོད་པ་དེ་རེད། དེ་བས་གལ་ཏེ་ཕ་མས་བྱིས་པར་གློག་རྡུལ་རོལ་རྩེད་ཁོ་ནས་སྟེང་ནས་བཀག་འགོག་བྱས་ཏེ་སྒྲིག་ལམ་བཟུང་ན། བྱིས་པའི་གནས་ཚུལ་ཇེ་ལེགས་སུ་མི་འགྲོ་བར་མ་ཟད། དེ་ལས་ལྡོག་སྟེ་བྱ་སྤྱོད་ཐམས་ཅད་ཇེ་སྡུག་ཏུ་འགྱུར་སྲིད།

        ཡིད་མུག་པའི་ནད་བྱུང་བའི་བྱིས་པར་ལེ་ལོ་ཆེ་ཞིང་སྐད་ཆ་ཉུང་བར་མ་ཟད། བྱ་བ་ཇི་ཞིག་སྒྲུབ་ཀྱང་རྣམ་རིག་མེད་པར་སྒྱིད་ལུག་ངང་ཐུང་བྱེད་སྲིད། དེ་ལས་གཞན་རྒྱུན་པར་འཚབ་འཚུབ་སྡོད་བཟོད་མི་བདེ་བའི་སྣང་ཚུལ་ཡོད་པ་རེད། ཡིན་ནའང་གློག་རྡུལ་རོལ་རྩེད་ཀྱིས་གནས་སྐབས་ཙམ་ལ་དངོས་ཡོད་ཀྱི་ཁོར་ཡུག་དང་འབྲལ་དུ་བཅུག་ནས་རྟོག་བཟོའི་འཇིག་རྟེན་ཞིག་ནས་ལྷོད་གཡེང་རེ་བྱེད་ཐུབ། 

        གལ་ཏེ་བྱིས་པས་རྒྱུན་པར་ལག་འཁྱེར་ཁ་པར་བཟུང་ནས་རོལ་རྩེད་ལ་གཡེང་ན། ཁྱིམ་བདག་གིས་བྱིས་པའི་སེམས་ཁམས་ལ་མཉམ་འཇོག་ལེགས་པོ་བྱེད་དགོས། རྒྱུན་པར་བྱིས་པའི་སེམས་ཁམས་སྐྱིད་པོ་མིན་པ་དང་། དངན་པ་འཐེན་པ། སྐད་ཆ་ཉུང་བ། སློབ་གྲོགས་དང་འབྲེལ་འདྲིས་མི་བྱེད་པ། ཁྱིམ་བདག་གིས་ཁ་ལ་སློབ་གསོ་བཏང་ན་མི་ཉན་པར་མ་ཟད། ཁོང་ཁྲོ་ལངས་པ་དང་ཚབས་ཆེ་དུས་ད་དུང་ལག་གི་དངོས་པོ་གཅོག་པ་སོགས་ཀྱི་བྱ་སྤྱོད་མངོན་དུས། ངེས་པར་དུ་སེམས་ཁམས་བདེ་ཐང་ཚན་ཁག་ཏུ་སོང་ནས་ཆེད་ལས་ཀྱིས་བརྟག་དཔྱད་བྱེད་དགོས་པ་མ་གཏོགས། དེ་ནི་གློག་རྡུལ་རོལ་རྩེད་ཀྱི་དབྱིངས་ཞུགས་པར་འདོད་ནས་སྡིགས་མོ་བྱེད་པ་སོགས་གཏན་ནས་མི་རུང་།

         ཆེད་མཁས་སྨན་པས་བསྟན་དོན། རང་རྒྱལ་དུ་ལོ་བཅུ་བདུན་མན་གྱི་ན་གཞོན་ལོ་ཆུང་ཕལ་ཆེར་དུང་ཕྱུར་གསུམ་ལྷག་ཡོད་པ་ལས་མི་བྱེ་བ་གསུམ་ཙམ་ལ་སེམས་ཁམས་ཀྱི་འགལ་རྐྱེན་ཐེབས་ཡོད་ཅིང་། དེའི་ཁྲོད་ཀྱི་མང་ཆེ་བ་ཡིད་མུག་པའི་ནད་ཀྱིས་ཟིན་ཡོད་པ་རེད། ལོ་ངོ་མང་པོའི་རིང་གི་ནད་བརྟག་སྨན་བཅོས་ལ་གཞིགས་ན། དངོས་ཡོད་འཚོ་བའི་ཁྲོད་གནད་དོན་འདིའི་རིགས་ཁྱིམ་བདག་ལན་པའང་གང་མང་ཡོད་དེ། བྱིས་པར་སྒྲིག་ལམ་བཟུང་དྲགས་པའམ་ཚོད་འཛིན་བྱས་དྲགས་པ། ཡང་ན་བྱིས་པར་གཅེས་སྐྱོང་དང་ཁ་ཡ་མི་བྱེད་པར་སྣང་མེད་དུ་བསྐྱུར་བ། དེ་ལས་གཞན་ཁྱིམ་བདག་ལ་ལ་མ་གཞི་ནས་བྱ་སྤྱོད་རྩིང་པོའམ་རང་གཤིས་འཚབ་འཚུབ་ཅན་ཡིན་པ་བཅས་ལས། བྱིས་པར་ཡིད་མུག་པའི་ཁོར་ཡུག་མི་ལེགས་པ་ཞིག་བསྐྲུན་པ་རེད་ཟེར།

རྩོམ་སྒྲིག་པ།  གཡུ་འཛོམས།