ནང་ལོགས་སུ་འཁྱུག་ཙམ་ཕྱིན་པའི་སྙན་ངག་ཐོར་བུ།

རྩོམ་པ་པོ།   རོང་བོ་དགེ་འདུན་ལྷུན་གྲུབ།དུས་ཚོད།   2020-10-12   རྩོམ་ཁུངས།   

གཤོག་འོག་གི་སྤྲིན།

གནམ་གྲུའི་གཤོག་སྒྲས་སྤྲིན་འདི་དག་ལྷིང་བར་སྡོད་དུ་མ་བཅུག་པར།

ཤར་འདེད་ནུབ་འདེད་བྱེད་པའི་ངང་ཚུལ་ལ།

མགྲོན་པོ་དག་གིས་སྙིང་རྗེ་སྒོམ་གྱིན་མེད་ལ།

ཞབས་ཕྱི་མ་འདི་དག་གིས་འཛུམ་མདངས་ཀྱང་སྟོན་གྱིན་མི་འདུག

འོན་ཀྱང་། ས་གཞིར་ལྷན་པའི་གྲོང་ཚོ་དང་གཙང་པོ།

ཞིང་ཁར་བྲེལ་བའི་ཕོ་མོ་ཚོས།

སྤྲིན་པ་འདི་དག་གདུགས་ལྟར་ཕུབ་ནས།

མགོན་སྐྱབས་སུ་བཀུར་ཡོད་ངེས།

ནམ་མཁར་བྲིས་པའི་སྙན་ངག

ནམ་རྒྱུན་གནམ་མཁའ་ནི་ནམ་མཁའ་དེ།

མིག་ཟུང་གྱེན་དུ་ལྡོག་ནས་བལྟ་སའི་བླ་བྲེས་སྔོན་པོ་ཞིག

ད་ལྟར་གནམ་མཁའ་ནི་གདན་དུ་བཏིངས་པའི་མཐིང་ཤོག་ཅིག་དང་འདྲ།

མིག་ཟུང་ཐུར་དུ་ཕབ་ནས་བལྟས་ན།

ཐོགས་རེག་གི་ལམ་ན་འདར་ཡོམ་ཡོམ་བྱེད་པའི་མགྲོན་པོ་ངས།

ཁབ་མིག་ཅིག་དང་མཚུངས་པའི་སྒེའུ་ཁུང་ལས།

གྲོང་དང་གྲོང་ཁྱེར། གངས་རི་དང་མཚོ་མོ་མཐོང་བ་འདི་རྣམས།

སུ་ཞིག་ལ་བདག་པའི་མེ་ལོང་ཡིན་པ་ད་དུང་ངོས་ཟིན་གྱིན་མི་འདུག

བྲེལ་འཚུབ་འཚུབ་ཀྱི་རྐང་བ།

ཤར་ནུབ་ལ་བྲེལ་བྲེལ་འཚུབ་འཚུབ་ཀྱིས་ཁྲིད་པའི་རྐང་བ་གྲངས་མེད།

ཐང་ཆད་ཀྱང་ངལ་གསོ་དབང་མི་སྟེར་བའི་པེ་ཅིང་གྲོང་ཁྱེར།

འབབ་ཚིགས་གཅིག་ནས་འབབ་ཚིགས་གཉིས།

ས་འོག་མེ་འཁོར་གཅིག་ནས་གཉིས་བརྗེས་ཀྱང་ཐོན་དཀའ་བའི་སར་སླེབས་དུས།

དབུགས་ཧལ་ཧལ་གྱི་ཐུ་བྷོད་པ་ཁ་ཤས།

ས་ཆ་འདི་ལ་ཐེངས་དང་པོར་སླེབས་ཀྱང་།

སྐར་མ་ཁ་ཤས་ལ་མ་གཏོགས་འདུག་རྒྱུའི་དུས་ཚོད་མེད་ཀྱང་།

གློ་རྡེག་ལ་རླུང་བུ་དང་མཚུངས་པར་བཞུད་མི་འདོད་དམ།

ཟང་ཟིང་།

མི་འདི་དག་གང་ནས་འཚང་ཀ་དང་བཅས་ཏེ་འོང་ངམ།

མི་འདི་དག་གང་ལ་འཚང་ཀ་དང་བཅས་ཏེ་འགྲོ་འམ།

ངོ་གདོང་མི་འདྲ་བའི་མིག་གི་མདངས་མི་འདྲ་བའི།

སྐད་ཀྱི་གདངས་དང་མིག་གཡོ་སྟངས་མི་འདྲ་བ་འདི་ཚོ།

འགྲུལ་སྐྱེལ་ཁོ་ནར་སྐྱེ་བ་བླངས་པ་དང་འདྲ་བ་འདི་ཚོ།

ཆུ་ཐིགས་པ་གཅིག་བརྒྱབ་ན་འཁུར་ངེས་པ་འདི་ཚོ།

མེ་ལྕེ་ཁབ་རྩེ་ཙམ་གྱིས་བསྲེག་ངེས་པ་འདི་ཚོ།

ཉི་མ་ནུབ་སྔ་བའི་ལམ་ཁ།

དུས་ཚོད་བདུན་ལ་མ་སླེབས་གོང་ནས།

སྐར་མ་མང་བོ་སྡོང་རྩེ་ན་འཚེར་བ་ཇི་བཞིན་ལམ་འགྲམ་གཡས་གཡོན་ན་སྦར་ཀྱང་།

མི་རྣམས་མུན་པ་ལ་འཐབ་པ་ཇི་བཞིན་ནག་རབ་རིབ་འགུལ།

ས་འདི་རུ་མཚན་མོ་ལུས་ལ་བྱུགས་པ་ལྟར་རང་ལུས་ཀྱང་མཐོང་དཀའ།

སྒེའུ་ཁུང་ཕ་རོལ་གྱི་འབུ་སྲིན་ཚོགས་ཀྱང་མུན་པའི་ནང་དུ་ཉལ།

བསམ་བློ་ཡང་ཡང་བཏང་ན་ས་འདི་ལ་ཉི་མའི་དགོས་མཁོའང་མེད་པ་འདྲ།

མཐོང་ཚུལ་ཞིག་ལ་སྦྱར་བ།

ཉིན་བཅུ་ཕྲག་འགའི་ཡར་སྔོན་དུ་ཁྱེད་རང་ཚེས་རིས་ཤིག་གི་ཚུལ་དུ་མཐོང་།

པོ་ཧེ་མཚོ་འགྲམ་དུ་ཁྱེད་རང་ས་རྡུལ་གྱིས་མནན་པའི་གྲུ་གཟིངས་ཤིག་ཏུ་མཐོང་།

མཚོ་འགྲམ་གྱི་ཉ་བ་དག་གིས་ཉེའུ་རེ་རེ་བྱས་ཏེ་སྐུད་སྣེར་འཁྱེར་སྐབས།

ཁྱེད་རང་མཚོ་འཇིངས་སུ་ཡིབ་པའི་ཉེའུ་ཞིག་ཏུ་མཐོང་།

སང་ལོ་ད་ཚོད་ཙམ་ལ་ཁྱེད་རང་རྟོག་སྒྲུང་ཁྲོད་ཀྱི་གླིང་བུ་འབུད་མཁན་ཞིག་ཏུ་འགྱུར་རམ།

རྩོམ་སྒྲིག་པ།  ཚེ་པེ།