མཚན་མོ་དེར།

རྩོམ་པ་པོ།   གངས་འོད། དུས་ཚོད།   2020-10-12   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

ཟམ་པ་འདི་ལས་རྒྱང་རིང་ལ་ལྟ་དུས།

རྒྱང་རིང་གི་རི་བོ་མུན་པས་བསྐོར་ཞིང་།

རི་རྩེ་སྐབས་རེར་མཐོང་ཞིང་སྐབས་རེར་མི་སྣང་བར་འགྱུར་འགྲོ།

ཁ་དོག་ནག་པོ་དེའི་གསེབ་ཀྱི་སེམས་པས།

རྒྱང་རིང་གི་རི་ཚོགས་ལ་ངོ་མཚར་བའི་ཡོལ་རས་ཤིག་འཐེན་ན་འདོད།

བསིལ་རླུང་ཤིག་ཤིག་གི་ཁྲོད་དུ་གཡེང་བའི་མཚོ་ངོས་སུ།

གློག་འོད་ཆེམ་ཆེམ་དུ་འཕྲོ་བའི་ཚུལ་དེས།

ང་རང་ཆུ་ཡི་ནང་དུ་ངལ་རྩོལ་བྱེད་པའི་གྲུ་ཆུང་དེ་ཡིན་པར་འཁྲུལ།

ཆུ་ངོགས་སུ་འཁོར་བཞིན་པའི་ལྦུ་བ་དཀར་པོ་དེ།

གཙང་བོ་གང་ཞིག་ཏུ་ཐོན་པར་སེམས་ཁྲལ་ཡང་ཡང་བྱུང་།

སེམས་པ་བལྟབས་ཏེ་རྫིང་བུ་ཞིག་བཟོས་ཟིན།

ད་ནི་གཙང་ངོགས་སུ་རྩེན་པའི་ལྦུ་བ་བཞིན་རྒྱང་རིང་ལ་སྤུར།

ལྦུ་བ་དཀར་པོ་དེ་ནི་མེ་ཏོག་པད་མ་ཞིག་དང་འདྲ་བར།

ཚོན་མདངས་རྣམ་པར་བཀྲ་བའི་འཛུམ་མདངས་ཀྱིས་འཕྱུར།

ཐག་རིང་གི་རི་བོ་ནི་ཡུལ་ལྗོངས་ཤིག་དང་འདྲ་ལ།

རླུང་གིས་སྒུལ་གྱིན་གསོམ་སྡོང་ཞིག་དང་འདྲ།

མཛེས་སྡུག་གི་ཡུལ་ལྗོངས་འདི།

གནམ་གྱི་མཐའ་ལ་བཀལ་བའི་རི་མོ་ཞིག་དང་འདྲ་བར།

ཡིད་ཀྱི་བརྟན་པ་འཕྲོག་ཅིང་སེམས་པ་ཡང་ཡང་གདུང་།

རི་བོ་དེའི་ལྡེབས་སུ་ད་དུང་རི་སྐྱེས་མེ་ཏོག་ཅིག་བཞད་པའི་རེ་བ་དེ།

སྔར་བཞིན་གཙང་བོའི་རླབས་བཞིན་འཕྱོ།

རྩོམ་སྒྲིག་པ།  གཡུ་འཛོམས།