ལོ་ངོ་70ཡི་གོང་འཕེལ་ལས། མང་ཚོགས་བདེ་སྐྱིད་ཤུགས་ཆེར་ཕྱིན།

བོད་ལྗོངས་ཆབ་མདོར་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བ་སྟེ། དཔལ་འབྱོར་གོང་འཕེལ་མགྱོགས་པོ་ཕྱིན་པ་དང་དམངས་ཀྱི་འཚོ་བའི་བདེ་སྐྱིད་ཤུགས་ཆེར་སོང་བ།

རྩོམ་པ་པོ།   དུས་ཚོད།   2020-10-10   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

         ད་ལོ་ནི་བོད་ལྗོངས་ཆབ་མདོར་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་ལོ་རེད། ལོ་ངོ་70ཡི་རིང་།  ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག  ཆབ་མདོའི་དཔལ་འབྱོར་གོང་འཕེལ་མགྱོགས་པོ་བྱུང་བ་དང་།  དམངས་ཀྱི་འཚོ་བའི་བདེ་སྐྱིད་ཤུགས་ཆེར་སོང་ཡོད།  དཔལ་འབྱོར་དར་རྒྱས་དང་།  སྤྱི་ཚོགས་ཞི་མཐུན།  འབྱུང་ཁམས་ཡག་པོ།  མི་དམངས་བདེ་སྐྱིད་བཅས་ཀྱི་བོད་ཤར་ཁུལ་གྱི་མུ་ཏིག་ལྟ་བུ་ཞིག་བོད་ལྗོངས་ས་མཐོར་གོང་འཕེལ་འགྲོ་བཞིན་ཡོད། ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་ཨུད་དཔལ་ཤང་བྲག་གཡང་གྲོང་ཚོ་ནི་འཇོ་མདའ་རྫོང་གི་ཐག་རིང་གྲོང་ཚོའི་གྲས་ཤིག་ཡིན།  ཆབ་མདོ་གྲོང་ཁྱེར་གྱི་སྲིད་འཛིན་གྲོང་ཚོ་1142ཚང་མར་གྲོང་གསེབ་ཀྱི་གཞུང་ལམ་ཤར་གཏོང་ཐུབ་པ་དང་བསྟུན་ནས།  རྫོང་མི་དམངས་སྨན་ཁང་གི་སྨན་བཅོས་རླངས་འཁོར་ལོ་ལྟར་གྲོང་ཚོར་བསྐྱོད་དེ་འབྲོག་པ་ཚོར་རྒྱུན་ལྡན་གྱི་གཟུགས་པོའི་བརྟག་དཔྱད་བྱེད་ཀྱི་ཡོད།

         སྤྱི་ལོ་1950ལོའི་གོང་།  ཆབ་མདོར་གཞུང་ལམ་མེད།  ཆབ་མདོར་བཅིངས་འགྲོལ་བཏང་ནས་ལོ་ངོ་70སོང་རིང་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན།  རྒྱལ་ཁབ་ཀྱིས་ཆབ་མདོའི་འགྲིམ་འགྲུལ་འཛུགས་སྐྲུན་ལ་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་སྔ་རྗེས་སུ་རྒྱལ་ལམ་6དང་།  ཞིང་ཆེན་ལམ་10བསྐྲུན་པས་གཞུང་ལམ་གྱི་དྲ་བ་ཞིག་གྲུབ་ཡོད།

         འགྲིམ་འགྲུལ་གྱི་མཁར་རྫོང་གཏོར་བ་དེས་རི་ཁུག་ཁྲོད་ཀྱི་མང་ཚོགས་འཕེལ་རྒྱས་མགྱོགས་པོ་བྱུང་ཡོད།  སྤྱི་ལོ་2016ལོར།  གོ་འཇོ་རྫོང་བོད་ཤར་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སི་ནི་ཞིང་ཆེན་ལམ་དང་ཐག་ཉེ་བའི་མོ་ལོ་གྲོང་རྡལ་དུ་བཙུགས་ཡོད་པ་དང་།  ཀུང་སི་དེས་ཨ་དབང་ལུག་གསོ་ཚགས་དང་།  སྡོམ་གསོས་རྒྱག་པ།  ལས་སྣོན།  བྲིན་འཚོང་བཅས་བྱེད་ཀྱི་ཡོད།  ཀུང་སིའི་ལུག་གསོ་ཚགས་རྟེན་གཞིའི་འགན་འཁུར་བ་སྐལ་བཟང་ཚེ་རིང་གིས།  ལོ་ངོ་སྟོང་གི་རྒྱུད་འཕེལ་ལོ་རྒྱུས་ལྡན་པའི་ཨ་དབང་ལུག་འདི་ཉིད་རི་གྲོང་ནས་ཕྱིར་སྐྱོད་འགོ་ཚུགས་ཡོད་ཅེས་བསྟན་ཡོད་པ་རེད། ཨ་དབང་ལུག་གི་ཚོང་རྟགས་བཏོད་པ་དེས་ས་གནས་དེ་གའི་མང་ཚོགས་ཀྱི་ལུག་གསོ་བའི་ཧུར་སེམས་ཆེ་རུ་སོང་ཡོད།  ཨ་དབང་ཤང་ཁོ་ནར་ལུག་གསོ་ཚགས་བྱེད་མཁན་ཁྱིམ་དུད་སྤྱི་ལོ་2016ལོའི་ཁྱིམ་དུད་40ནས་ད་ཆ་ཁྱིམ་དུད་100ལྷག་བར་འཕར་ཡོད།  དགུང་ལོ་51ལ་ཕེབས་པའི་རྡོ་མགོན་གྱིས་ད་ལོའི་ཟླ་བ་ལྔ་པར་ལུག་300ལྷག་བཤས་བཏང་བར་ཡོང་འབབ་སྒོར་དྲུག་འབུམ་ལྷག་ཙམ་བྱུང་ཡོད་པ་རེད།

          ཐོན་ཁུངས་ཀྱི་བཟང་ཆར་གཞི་ཚུགས་པས་ཆབ་མདོའི་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་ཁྱོན་ཡོངས་ནས་གོང་འཕེལ་བྱུང་བ་དེས་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་ཐུབ་པ་མ་ཟད་གྲོང་ཁྱེར་དེ་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་པོས་གོང་འཕེལ་འགྲོ་བའི་ཀ་རྟེན་གལ་ཆེན་ཞིག་ལ་གྱུར་ཡོད་པ་རེད། 

རྩོམ་སྒྲིག་པ།  ཚེ་པེ།