ཞི་ཅིན་ཕིང་དང་ཧ་སྨི་ཏེའི་བར་གློག་འཕྲིན་གཏོང་རེས་གནང་བ།

རྩོམ་པ་པོ།   དུས་ཚོད།   2020-10-05   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

        སྤྱི་ཟླ་10ཚེས་4ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་བྷང་ག་ལའི་ཙུང་ཐུང་ཧ་སྨི་ཏི་བར་ཕན་ཚུན་རྟེན་འབྲེལ་ཞུ་བའི་གློག་འཕྲིན་གཏོང་རེས་གནང་བ་དང་། རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་45འཁོར་བར་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་རྟེན་འབྲེལ་ཞུས་གནང་ཡོད།

       ཞི་ཅིན་ཕིང་གིས་རྟེན་འབྲེལ་གློག་འཕྲིན་ནང་། ཀྲུང་གོ་དང་བྷང་ག་ལའི་མཛའ་གྲོགས་ལོ་རྒྱུས་ཡུན་རིང་ལྡན་ཡོད། ཕྱི་འབྲེལ་བཙུགས་ནས་ལོ་ངོ་45སོང་རིང་། རྒྱལ་ཁབ་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་བདེ་སྐྱིད་བསྐྲུན་ཡོད། ཏོག་གསར་གློ་ཚད་རིམས་ནད་ཐོན་པ་ནས་བཟུང་། ཀྲུང་གོ་དང་བྷང་ག་ལ་རྒྱལ་ཁབ་གཉིས་ཀྱིས་ཕྱར་བ་གྲུ་འདེགས་དང་སོ་སྲུང་རོགས་རེས་བྱས་ནས་རིམས་ནད་ལ་འགོག་རྒོལ་བྱས་ཤིང་། ཀྲུང་གོ་དང་བྷང་ག་ལའི་མཛའ་གྲོགས་ཀྱི་ལེའུ་གསར་པ་བརྩམས་ཡོད། ང་རང་གིས་ཀྲུང་གོ་དང་བྷང་ག་ལའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་མཐོང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། ཙུང་ཐུང་ཧ་སྨི་ཏེ་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་པོའི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་སྟེ། ཀྲུང་གོ་དང་བྷང་ག་ལའི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་མཐོ་ཚད་གསར་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་ཡོད།

       ཧ་སྨི་ཏེས་རྟེན་འབྲེལ་གློག་འཕྲིན་ནང་། བྷང་ག་ལ་དང་ཀྲུང་གོའི་དབར་གྱི་འབྲེལ་བ་ཉིན་རེ་བཞིན་འཕེལ་རྒྱས་འགྲོ་བཞིན་ཡོད་པ་དང་། ད་ཆ་འགག་རྩའི་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཁྱབ་ཡོད། བྷང་ག་ལས་དེའི་ཐད་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། བྷང་ག་ལའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ནང་ཀྲུང་གོས་མུ་མཐུད་རྒྱབ་སྐྱོར་གནང་མུས་རེད། དེ་དོན་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྒྱལ་ཁབ་གཉིས་བར་གྱི་མཛའ་གཅུགས་འབྲེལ་བ་དེ་མ་འོངས་པར་རྒྱུན་ཆད་མེད་པར་ཟབ་ཏུ་འགྲོ་བར་ང་ལ་ཡིད་ཆེས་ཡོད་ཅེས་གསུངས་ཡོད།

       དེ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་དང་བྷང་ག་ལའི་ཙུང་ལི་ཧ་ཤིས་ན་བར་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་བ་རེད། ལི་ཁེ་ཆང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་། ཀྲུང་གོ་ཕྱོགས་ཀྱིས་བྷང་ག་ལ་ཕྱོགས་དང་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་ཀྲུང་གོ་དང་བྷང་ག་ལའི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྔར་ལས་ལྷག་པ་བསྐྲུན་འདོད་ཡོད་ཅེས་གསུངས་ཡོད། ཧ་ཤིས་ན་ཡིས་རྟེན་འབྲེལ་གློག་འཕྲིན་ནང་། རྒྱལ་ཁབ་གཉིས་པོའི་དབར་ཡུན་རིང་ཉམས་སད་ཐེག་པའི་མཛའ་གྲོགས་དང་མཉམ་ལས་ལས་ཀྱིས་བྷང་ག་ལ་དང་ཀྲུང་གོའི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་སྐུལ་མ་ཐེབས་ཡོད། བྷང་ག་ལ་དང་ཀྲུང་གོའི་དབར་གྱི་མཉམ་ལས་ལ་ཤུགས་སྣོན་རྒྱབ་ནས། ས་ཁུལ་འདི་ག་དང་ཐ་ན་སའི་གོ་ལ་ཧྲིལ་པོར་ཞི་བདེ་དང་། བདེ་འཇགས། བརྟན་ལྷིང་བཅས་སྲུང་སྐྱོང་བྱེད་པའི་གཏིང་ཤུགས་ཧ་ཅང་ཆེན་པོ་ཞིག་འདོན་སྤེལ་ཐུབ་ཡོད་ཅེས་གསུངས་ཡོད།  

རྩོམ་སྒྲིག་པ།  ཚེ་པེ།