དབུལ་བོ་མཐའ་ནས་སྐྱོར་བས་མཛའ་བརྩེ་ཟབ།། ཐོན་ལས་དོན་དུ་གཉེར་བས་ཡོང་འབབ་འཕར།།

​འབར་ཁམས་གྲོང་ཁྱེར་རྫོང་འགག་གྲོང་རྡལ་དམ་པོ་གྲོང་སྡེའི་ཧྲུའུ་ཅི་དང་པོ་ཅང་ཞའོ་པའོ་སྡེ་སྡོད་བྱས་པའི་སྐོར་བཀོད་པ།

རྩོམ་པ་པོ།   གྲགས་པ་བསྟན་འཛིན།དུས་ཚོད།   2020-09-29   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

           ཧྲུའུ་ཅི་ཅང་ལགས་ཀྱིས་ང་ཚོ་སྣེ་ཁྲིད་ནས་འཕྲལ་དུ་བགྲོད་ལམ་བསལ་ཏེ་གླང་རྔའི་ཚོང་ལམ་ལ་ཤུགས་རྐྱེན་མ་ཐེབས་ཞེས་འབར་ཁམས་གྲོང་ཁྱེར་རྫོང་འགག་གྲོང་རྡལ་དམ་པོ་གྲོང་སྡེའི་གླང་རྔ་འདེབས་མཁན་ལུའོ་ཀུའེ་ཁང་གིས་གསར་འགོད་པར་བཤད། ཡུན་རིང་མ་འགོར་བའི་སྔོན་ལ། ཆུ་བྲུག་པས་དམ་པོ་གྲོང་སྡེའི་ལམ་ཆུས་ཁྱེར་བ་དང་། གྲོང་སྡེ་དེའི་ཧྲུའུ་ཅི་དང་པོ་ཅང་ཞའོ་པའོ་ཡིས་སྡེ་མི་སྣེ་ཁྲིད་དེ་ལམ་བསལ་བས། གླང་རྔ་ཕྱིར་སྐྱེལ་བྱེད་པར་ཤུགས་རྐྱེན་ཆེན་པོ་མ་ཐེབས་པས་སྡེ་མིའི་གྱོང་གུན་ཆུང་དུ་བཏང་།

          ད་ལྟ། ཉིན་ལྟར་གྲོང་སྡེར་བསྐྱོད་དེ་ལོ་ཏོག་སྐྱེ་ཚུལ་ལ་ལྟ་བར་འགྲོ་བ་དང་། སྡེ་མིའི་ཁྱིམ་དུ་སོང་ནས་གནས་ཚུལ་རྒྱུས་ལོན་བྱེད་རྒྱུ་ནི་ཅང་ཞའོ་པའོ་ཡི་ལས་ཀའི་རྒྱུན་རྣམ་དུ་གྱུར། ཁོང་གིས་སྡེ་མི་ཚོའི་སྣེ་ཁྲིད་དེ་རྒྱུན་མཐུད་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད།

          2018ལོའི་ཟླ་7པར། ཞིང་ཆེན་བསྡོམས་རྩིས་ཅུས་ཀྱི་ལས་བྱེད་པ་ཅང་ཞའོ་པའོ་དམ་པོ་གྲོང་སྡེའི་ཧྲུའུ་ཅི་དང་པོ་དང་སྡེ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་བྱེད་པར་མངགས། ཁོ་དམ་པོ་གྲོང་ཚོར་འབྱོར་བའི་ཉིན་དང་པོར་འདི་ལྟ་བུའི་གནས་ཚུལ་ཞིག་ལ་འཕྲད་པ་སྟེ། གྲོང་སྡེའི་ནང་གི་སྤྱིལ་ཆེན་སྔོ་ཚལ་དྲོད་ཁང་འགན་གཙང་ལེན་དང་སྡེ་མིའི་ས་ཞིང་བརྒྱུད་བཤུག་བྱེད་མཁན་ཀུང་སིའི་མ་དངུལ་འཁོར་རྒྱུག་ཐད་གནད་དོན་ཐོན་པས་གྲོང་མིས་ཀུང་སིས་དུས་ཐོག་ཏུ་ལས་མིའི་གླ་ཆ་སྤྲོད་མི་ཐུབ་པར་སེམས་ཁྲལ་བྱེད་ཀྱིན་ཡོད། ཅང་ཞའོ་པའོ་ཡི་ཅ་ལག་ཚང་མ་སྤོར་མ་ཚར་བར་འཕྲལ་དུ་གནད་དོན་དེ་ཐག་གཅོད་བྱེད་དུ་སོང་། ཀུང་སིའི་འགན་འཁུར་བ་སྐོང་ཚོགས་བྱས་ཏེ་གྲོས་བསྡུར་བྱས་རྗེས་དུས་ཚིགས་གཉིས་པའི་སྔོ་ཚལ་འདེབས་པ་དང་། ལས་གཉེར་མི་སྣ་བཀོད་སྒྲིག་བྱེད་པ། གླ་ཆ་སྤྲོད་པ་སོགས་ཀྱི་ཐད་བསམ་འཆར་གཅིག་མཐུན་བྱུང་། ཕྱི་ཉིན། ཀུང་སིས་སྒོར་ཁྲི་8ལྷག་བཏང་ནས་སྡེ་མིའི་ལས་མིའི་གླ་ཕོགས་སྤྲད་པ་རེད། སྡེ་སྡོད་ལས་དོན་རུ་ཁག་གིས་གྲོང་སྡེ“ཨུ་ལྷན་གཉིས”ཀྱི་ལས་ཀའི་གསལ་ཐོ་ཞིབ་བསྡུར་བྱས་ཏེ། ཉིན་དེར་གླ་ཕོགས་སྡེ་མིའི་ལག་ཏུ་སྤྲད་ནས་འགལ་ཟླ་ཐག་གཅོད་བྱས་པས་གྲོང་སྡེ་རྣམས་དགའ་པོ་བྱུང་།

          2016ལོར་དམ་པོ་གྲོང་སྡེ་ཧྲིལ་པོ་དབུལ་བྲལ་ཐུབ་མོད། འོན་ཀྱང་སྡེ་མི་ཚོའི་ཡོང་འབབ་གཙོ་བོ་སྐྱེ་ཁམས་བྱ་དགའི་ཁ་གསབ་དང་། ཞིང་བསྐྱུར་ནགས་སྤེལ། འབྲུ་རིགས་ཁ་གསབ་སོགས་སྲིད་ཇུས་རང་བཞིན་གྱི་ཡོང་འབབ་ལ་བརྟེན་ཡོད། དེ་སྔོན་ཁྱད་ལྡན་གསོ་ཚགས་འཚོལ་ཞིབ་བྱས་པར་གྲུབ་འབྲས་མ་ཐོན་པ་དང་། སྡེ་མི་ཚོའི་ནང་གནས་སྒུལ་ཤུགས་ཀྱིས་མི་འདང་ལ། འཕེལ་རྒྱས་ཀྱི་ཧུར་སེམས་ཆེན་པོ་མེད་པས། “དམངས་ཡོངས་ཞུགས་པ། དམངས་ཡོངས་དར་རྒྱས”ཀྱི་རྣམ་པ་ཞིག་ཆགས་པར་བྱས་ནས་དམ་པོ་གྲོང་སྡེར་ཐོན་ལས་འཕེལ་རྒྱས་གཏོང་བ་ནི་ཁ་ཚ་དགོས་གཏུག་གི་ལས་འགན་ཞིག་ཏུ་གྱུར་པ་དང་། ཅང་ཞའོ་པའོ་ཡིས་སེམས་ཁུར་དང་དོ་སྣང་བྱེད་པའི་བྱ་བ་ཞིག་ཏུའང་གྱུར།

        འཚམས་འདྲི་ཐེངས་མང་བྱས་པ་དང་སྡེ་མིའི་ཚོགས་ཆེན་འཚོགས་པ་བརྒྱུད། ཅང་ཞའོ་པའོ་དང་སྡེ་མི་ཚོས་སྡེ་མི་ཚང་མས་ལས་དེ་བསྒྱུར་མི་འདོད་པ་ཤེས། འོན་ཀྱང་ཐོན་ལས་གོང་དུ་སྤེལ་བའི་ལག་རྩལ་དང་ཉམས་མྱོང་དཀོན་པའི་དཀའ་ལས་མྱོང་བཞིན་ཡོད། ཕྱིར་ཚོང་གི་ཐབས་ལམ་མེད་པས་དམ་པོ་གྲོང་སྡེའི་ཐོན་ལས་འཕེལ་རྒྱས་རྗེས་སུ་ལུས། འབྲེལ་ཡོད་གནས་ཚུལ་ཤེས་རྟོགས་བྱུང་རྗེས། ཅང་ཞའོ་པའོ་ཡིས་འཕྲལ་དུ་ཞིང་ཆེན་བསྡོམས་རྩིས་ཅུས་ལ་རེ་ཞུ་ཞུས་ནས་ཐེངས་3ལ་བགོས་ཏེ་གྲོང་སྡེའི་ནང་གི་ཏང་ཡོན་ལས་བྱེད་པ་དང་ཕྱུག་འགྱུར་སྣེ་ཁྲིད་པ་མི་ཐེངས་40ལྷག་རྩ་འཛུགས་བྱས་ནས་ཁྲུང་ཀྲོའུ་དང་ཕུང་ཧྲན་སོགས་ས་གནས་སུ་སྔོན་ཐོན་ཉམས་མྱོང་སློབ་སྦྱོང་བྱེད་པར་བསྐྱོད་པ་དང་། གྲོང་སྡེར་བཅའ་སྡོད་ལས་དོན་རུ་ཁག་གིས་ད་དུང་སྡེ་མི་རྩ་འཛུགས་བྱས་ནས་སྔོན་ཐོན་མིག་དཔེར་སློབ་སྦྱོང་བྱས་ཏེ་སྐྱེ་ཁམས་བསྡུ་ལེན་དང་ཉམས་མྱོང་གསོག་འཇོག་བྱས།

         2019ལོར། ཅང་ཞའོ་པའོ་ཡིས་ཞིང་ཆེན་བསྡོམས་རྩིས་ཅུས་དང་མཐུན་སྦྱོར་བྱས་ནས་ཐོན་ལས་རོགས་སྐྱོར་མ་དངུལ་སྒོར་ཁྲི་10དོན་འཁྱོལ་བྱས་ནས་སྦྲང་སྒམ་80ལྷག་ཉོས། འདོད་མོས་དང་འཇོན་ཐང་ཡོད་པའི་ཁྱིམ་ཚང་དུ་ཁ་གྲམ་ནས་གསོ་ཚགས་བྱེད་པ་དང་འབྲེལ་ས་གནས་དེའི་ལག་རྩལ་ཆེད་མཁས་པ་གདན་དྲངས་ནས་ཁྱིམ་ཚང་དུ་བསྐྱོད་དེ་མཛུབ་ཁྲིད་བྱེད་ཀྱིན་ཡོད། མིག་སྔར་གྲོང་སྡེའི་སྦྲང་མ་གསོ་ཚགས་བྱས་པར་ཕན་འབྲས་རགས་ཙམ་ཐོན་ཡོད། གྲོང་སྡེ་ཡོངས་ཀྱི་ཁྱིམ་ཚང་གསུམ་ཆ་གཅིག་གིས་སྦྲང་མ་གསོ་འགོ་ཚུགས་པ་དང་སྦྲང་སྒམ་15ཡན་གྱི་གསོ་མཁན་ཁྱིམ་ཚང་6ཡོད། ཁྱིམ་ཚང་དབུལ་བོ་4ཡིས་སྦྲང་མ་གསོ་ཚགས་བྱས་པ་ལའང་ཕན་འབྲས་ཐོན་ཡོད།

        གྲུབ་འབྲས་ཐོབ་པས་སྡེ་མི་ཚོའི་ཧུར་སེམས་ཆེ་རུ་ཕྱིན་ནས་མིག་སྔར་དམ་པོ་གྲོང་སྡེར་སྦྲང་སྒམ་200ལས་བརྒལ་ཡོད། སྡེ་སྡོད་ལས་དོན་རུ་ཁག་གིས་ད་དུང་ལག་རྩལ་གྱི་རྨང་གཞི་ངེས་ཅན་ལྡན་པའི་གསོ་ཚགས་ཁྱིམ་ཚང་རེས་ཁྱིམ་བྱ་100ལྷག་གསོ་ཚགས་བྱེད་པར་གཙོ་གནད་ཐོག་རོགས་སྐྱོར་བྱས། སྔོན་དཔག་བྱས་ན་ད་ལོར་ཕྱིར་ཚོང་ཡོང་འབབ་སྒོར་17000ཟིན་ངེས་པ་དང་། ཁྱིམ་ཚང་དབུལ་བོར་རོགས་སྐྱོར་བྱས་ནས་གཡེར་སྡོང་མུའུ་40ཙམ་བཙུགས་ཡོད།

        དམ་པོ་གྲོང་སྡེའི་མཚོ་ངོས་ལས་མཐོ་ཚད་ཆ་སྙོམས་ན་སྨི་2760ཟིན་པ་དང་། གྲོང་སྡེ་ཡོངས་ལ་རྨོ་ཞིང་མུའུ་600ལྷག་ཡོད་པས་ས་ཞིང་གི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། དབུལ་བྲལ་མ་བྱས་གོང་གྲོང་སྡེ་དེས་གཙོ་བོ་སྲོལ་རྒྱུན་གྱི་ལོ་ཏོག་འདེབས་འཛུགས་བྱས་ཡོད། ས་ཞིང་མུའུ་རེའི་ཡོང་འབབ་སྒོར་600ཙམ་ལས་མེད་པ་དང་ས་ཞིང་གི་ཟུར་སྣོན་རིན་ཐང་དམའ་བས། ཅང་ཞའོ་པའོ་དང་སྡེ་སྡོད་ལས་དོན་རུ་ཁག་དང་གྲོང་སྡེའི“ཨུ་ལྷན་གཉིས”ཀྱིས་སྡེ་མིའི་ཚོགས་ཆེན་ཐེངས་མང་འཚོགས་ཤིང་། སྡེ་མིའི་བསམ་འཆར་བསྡུ་ལེན་བྱས་ནས་མཐར་བརྟན་བརླིང་ངང་འཕེལ་རྒྱས་གཏོང་བའི་འཆར་འགོད་བཟོས་ཡོད།

         ད་ལྟ། དམ་པོ་གྲོང་སྡེར་འདེབས་འཛུགས་གསོ་ཚགས་ལས་རིགས་རྨང་གཞིར་བྱེད་པ་དང་། རིག་གནས་ལྗོངས་སྐོར་ཐོན་ལས་ཀྱིས་སྣེ་ཁྲིད་བྱེད་པ། ཁྱད་ལྡན་ཞིང་ལས་ཐོན་རྫས་ཕྱིར་ཚོང་བྱེད་པ། ཁྱིམ་ཚང་དཔལ་འབྱོར་སྣ་མང་ཅན་དང་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བ་བཅས་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་རགས་ཙམ་ཆགས་ཡོད། གྲོང་སྡེར་མཉམ་ལས་དཔལ་འབྱོར་མེད་པ་ནས་ཡོད་པའི་བར་གནད་སྒྲོལ་བྱུང་བར་མ་ཟད། རིམ་བཞིན་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་ཡོད། ཐོན་ལས་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་སྡེ་མིའི་ཡོང་འབབ་བརྟན་བརླིང་ངང་འཕར་བ་དང་། 2019ལོར། སྡེ་མིས་གྲོང་སྡེར་ལས་ཀ་བྱས་ནས་ཡོང་འབབ་སྒོར་ཁྲི་35བྱུང་བ་དང་གྲོང་སྡེ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་13000ལས་བརྒལ་ཡོད།

         ད་ལྟ་ཅང་ཞའོ་པའོ་དང་སྡེ་སྡོད་ལས་བྱེད་པའི་སྣེ་ཁྲིད་འོག དམ་པོ་གྲོང་སྡེར་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་ནས་སྡེ་མི་ཚོ་གོམ་སྟབས་ཆེན་པོས་ཕྱུག་འགྱུར་དང་འབྱོར་འབྲིང་ཕྱོགས་སུ་སྐྱོད་བཞིན་ཡོད།

རྩོམ་སྒྲིག་པ།  གཡུ་འཛོམས།