ཚོར་བའི་ཁ་དོག

རྩོམ་པ་པོ།   ན་བུན་སྐྱ་བོ།དུས་ཚོད།   2020-09-15   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

ཞོགས་པའི་ཉི་ཟེར་ཤར་རིའི་ཕྲག་ནས་འཕྲོས།།

དེ་ཡི་འདབས་སུ་གཡུ་མཚོ་འཁྱིལ་བ་དང་།།

སྒོ་དར་ལྷོ་རུ་བརྒྱངས་པའི་འབྲོག་སྡེ་བཅས།།

རྟ་ནོར་ལུག་གསུམ་སྤང་ལ་ཁྱབ་པ་བྲིས།།

དཀར་ཞིང་གཙང་བའི་རང་གི་སེམས་ནང་དུ།།

ལྷིང་ཞིང་འཇགས་པའི་མཚན་ལྗོངས་རིང་བོ་དེར།།

ཡོངས་སུ་བཀྲ་བའི་སྣང་བརྙན་ཁོ་བོས་བྲིས།།

ཕྲ་ཚོམ་མེ་ཏོག་བཞད་སའི་སྤང་ཐང་ལ།།

སྐྱིད་སྣང་ཅན་གྱི་མི་ཞིག་ཞིབ་ཏུ་བྲིས།།

གླུ་གར་སྟངས་སྟབས་གཟིགས་མོར་མངོན་བཞིན་དུ།།

སྣང་བ་དབྱངས་ལ་འཐིམས་པའི་ལེ་འུ་བྲིས།།

ཁ་བ་བུ་ཡུག་འཚུབ་པའི་མཚན་ལྗོངས་སུ།།

གློག་སྒྲོན་དག་ཀྱང་གཡོ་བར་བྱེད་པ་བྲིས།།

ཙག་དང་རླུང་བུ་ཤུགས་ཀྱིས་ལྡང་བ་ཡིས།།

ལུས་པོ་འདར་འདར་གཡོ་བའི་མི་ཞིག་བྲིས།།

རང་ལ་དབང་བའི་ཤིང་ཁང་སྣེ་མོ་རུ།།

རང་སེམས་མཐུན་པའི་མི་ཞིག་ལྐོག་ཏུ་བྲིས།།

ཕན་ཚུན་བརྩེ་འཛུམ་དགོད་སྒྲ་འཁྱིལ་བ་དང་།།

ཧ་ཅང་དྲོད་ཁོལ་ཅན་གྱི་འཚོ་བ་བྲིས།།

བརྩེ་བ་མ་བཅོས་རང་གི་སེམས་ནང་དུ།།

སྔོན་བསགས་ལས་ཀྱིས་འཕྲད་པའི་མི་མོ་བྲིས།།

སྐྲ་ལོ་རིང་ཞིང་གོམ་ཁ་ལྷོད་པ་དང་།།

ང་ཡི་ཕྱོགས་སུ་ཡོང་བའི་གོམ་འགྲོས་བྲིས།།

མགོ་བོ་དགྱེ་ནས་མཁའ་ཡི་ཟླ་བར་བལྟས།།

འཛུམ་ཆུང་གྲོལ་ཏེ་ཕ་ཡུལ་དྲན་པ་བྲིས།།

ལག་པ་རུམ་ལག་བཅད་ནས་ཁེར་རྐྱང་དུ།།

སྐྱོ་བས་མནར་བའི་མི་ཞིག་གསེབ་ཏུ་བྲིས།།

སྟག་ཤར་གཞོན་ནུ་ཁ་ཞག་གྱི་ལེར་འཛོམས།།

སྨན་ཆུང་བུ་མོ་སྣུམ་ཞག་ཆིལ་ལེར་འོངས།།

དབུ་སྐྲ་དཀར་བའི་བགྲེས་སོང་རྒན་པོ་དེས།།

ཚ་བོ་ཚ་མོར་སློབ་གསོ་གནང་བ་བྲིས།།

ལན་བུ་བསླས་ཏེ་འཇོ་སྒེག་ལྡེམ་པ་དང་།།

འབྲི་མོའི་ངུར་སྒྲ་འཁྱིལ་སའི་ལྷས་འདབས་བྲིས།།

ཕ་མར་བྱམས་ལ་ཕུ་ནུར་བརྩེ་བ་ཡི།།

ཚེགས་དང་གོམ་ཁ་ཡང་བའི་མི་མོ་བྲིས།།

སྐྲ་ལོའི་གསེབ་ལ་ཚི་དྲེག་གིས་གང་བའི།།

ནོར་གནག་སུག་རྗེས་སྙེག་པའི་མི་ཞིག་བྲིས།།

སེན་མགོ་རྣག་དང་སེམས་རྩ་དཀར་བ་ཡི།།

སྦྲང་དཀར་རྩམ་པ་ཟ་བའི་འབྲོག་པ་བྲིས།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།