འབར་ཁམས་གྲོང་ཁྱེར་གྱིས་མེ་འགོག་མེ་གསོད་ཀྱི་ཤེས་བྱ་སློབ་གྲྭར་སྒྲོག་འགྲེལ་བྱས།

རྩོམ་པ་པོ།   གྲགས་པ་བསྟན་འཛིན།དུས་ཚོད།   2020-09-11   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

          རྔ་བའི་གསར་འགྱུར་དྲ་བའི་འཕྲིན། གཞོན་ནུ་ལོ་ཆུང་གི་ཁྲིམས་ལུགས་སློབ་གསོར་སྔར་བས་ཤུགས་སྣོན་དང་། ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་དང་། རི་སྐྱེས་སྲོག་ཆགས། རྩྭ་རྩི་ཤིང་ལ་སྲུང་སྐྱོང་བྱེད་པའི་ཤེས་བྱ་ཁྱབ་གདལ་གཏོར་ཆེད། ཉེ་ཆར། འབར་ཁམས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ནགས་ཚལ་ཉེན་རྟོག་རུ་ཆེན་དང་གྲོང་མཁར་མངགས་གཏོང་ཁང་གིས་འབར་ཁམས་གྲོང་ཁྱེར་གྱི་འབྲེལ་ཡོད་ལས་ཁུངས་དང་མཉམ་འབྲེལ་སྒོས་འབར་ཁམས་གྲོང་ཁྱེར་སློབ་འབྲིང་གཉིས་པར“ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་ཁྲིམས་ལུགས་སྒྲོག་འགྲེལ”གྱི་བྱེད་སྒོ་སྤེལ།

          བྱེད་སྒོ་དེ་ཁྲིམས་ལུགས་སློབ་ཚན་འཁྲིད་པ་དང་། འབྲེལ་ཡོད་ཀྱི་པར་རིས་བཤམས་པ། མེ་འགོག་མེ་གསོད་ཀྱི་ཡིག་ཆ་སྤྲོད་པ་སོགས་ཀྱི་རྣམ་པའི་ཐོག་ནས་སྤེལ། གསོན་ཉམས་དོད་པའི་པར་རིས་དང་དཔེ་མཚོན་ལ་བརྟེན་ནས་རྒྱ་ཆེའི་དགེ་སློབ་ལ་རྒྱལ་ཁབ་ཀྱིས་གཙོ་གནད་སྲུང་སྐྱོང་གི་རི་སྐྱེས་སྲོག་ཆགས་དང་རྩྭ་རྩི་ཤིང་གི་ཤེས་བྱ། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་གནོད་འཚེ། དེ་མིན་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱིས་སྐྱེ་ཁམས་ཐོན་ཁུངས་ལ་གཏོར་བཤིག་གཏོང་བའི་ཁྲིམས་འགལ་ཉེས་གསོག་གི་སྤྱོད་པ་ལ་ཆད་པ་གཅོད་རྒྱུའི་གཏན་འབེབས་བཅས་འགྲེལ་བཤད་ཞིབ་ཅིང་ཕྲ་བ་བྱས་ཏེ། སློབ་མས་རང་རྟོགས་ཀྱིས་ཁྲིམས་སྲུང་བ་དང་དུས་མཚུངས་སུ་རང་མོས་ངང“ཁྲིམས་སྐྱོང་དྲིལ་སྒྲོག”བྱེད་པར་སློབ་གསོ་དང་ཁྲིད་སྟོན་བྱས། ཕ་མ་དང་རྒན་རབས་པ་དང་། ཕུ་ནུ་མིང་སྲིང་། ཉེ་འཁོར་གྱི་གཉེན་ཉེ་དང་གྲོགས་པོ། ཁྱིམ་མཚེས་ཡུལ་མི་བཅས་ལ་བཅའ་ཁྲིམས་ཀྱི་ཤེས་བྱ་བརྒྱུད་སྤྲོད་བྱས་ཏེ། ཐུན་མོང་ཐོག་ནགས་ཚལ་དང་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་ཉེན་མེད་ཡོང་བར་སྲུང་སྐྱོང་བྱེད་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་བོ་ཞིག་བསྐྲུན་དགོས་པའི་འབོད་སྐུལ་བཏང་།

         ཤེས་རྟོགས་བྱུང་བ་ལྟར་ན། ད་ཐེངས་ཀྱི་དྲིལ་སྒྲོག་བྱེད་སྒོར་ཉེན་རྟོག་པ་6ཞུགས་པ་དང་། དྲིལ་སྒྲོག་དཔྱད་ཡིག་220ལྷག་སྤྲད་ཡོད། དགེ་རྒན་དང་སློབ་མ་210ལྷག་བྱེད་སྒོར་ཞུགས་ཡོད།

རྩོམ་སྒྲིག་པ།  གཡུ་འཛོམས།