མེ་སྐྱོན་འགོག་ཐབས་ཀྱིས་བདེ་འཇགས་སྲུང་།

རྩོམ་པ་པོ།   འོད་གསལ་མཚོ།དུས་ཚོད།   2020-09-11   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

        མིག་སྔར། སྟོན་དུས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་གི་དུས་སྐབས་སུ་སླེབས་པས་མེ་སྐྱོན་འགོག་ཐབས་ཀྱིས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་བྱེད་པར་ལྷོད་གཡེང་གཏན་ནས་བྱེད་མི་རུང་།ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་ཀྱི་ཆེད་དོན་བཅོས་སྒྲིག་ལས་དོན་སྤེལ་བ་ནས་བཟུང་།རང་ཁུལ་གྱིས་ཀྲུང་དབྱང་དང་ཞིང་ཆེན་གྱིས་བཏོན་པའི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་ཀྱི་ཆེད་དོན་བཅོས་སྒྲིག་ལས་དོན་སྐོར་གྱི་བཀོད་སྒྲིག་ཐོག་མཐའ་བར་གསུམ་དུ་ལག་བསྟར་དོན་འཁྱོལ་བྱས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཞིང་ཆེན་ལྟ་སྐུལ་མཛུབ་ཁྲིད་ཚན་ཆུང་གི་ལྟ་སྐུལ་མཛུབ་ཁྲིད་དང་གནད་དོན་དག་ཐེར་དོན་འཁྱོལ་དམ་འཛིན་བྱས་པ་དང་དག་ཐེར་ལེགས་བཅོས་ལས་ཀར་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་ནི་ཡུན་རིང་རང་བཞིན་གྱི་བྱ་བ་ཞིག་ཡིན་པས།ང་ཚོས་ཚད་མཐོའི་མཐོང་ཆེན་བྱ་དགོས་ལ་བྱ་ཐབས་ཏན་ཏིག་སྤྱད་དེ་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་ཀྱི་འབྲེལ་ཡོད་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབ་དགོས།

        ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་ལས་དོན་གྱི་གཙོ་གནད་ནི་མེ་སྐྱོན་ལ་དོགས་ཟོན་བྱ་དགོས་པ་དང་བསམ་བློའི་ངོས་འཛིན་མཐོ་རུ་གཏོང་དགོས།ང་ཚོས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་།མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ཐོག་མཐའ་བར་གསུམ་དུ་ཨང་དང་བོར་འཇོག་པ་དང་།མཁོ་བསྟུན་ཇུས་གཞི་ལ་ཞིབ་འཇུག་གཏིང་ཟབ་དང་འཐུས་སྒོ་ཚང་དུ་གཏོང་བ།བློ་ཐག་རྦད་ཆོད་ཀྱིས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་ཏན་ཏིག་བྱས་ནས་རྒྱུན་ལྡན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་རིམ་སྲུང་སྐྱོང་ཡག་པོ་བྱ་དགོས།

       ང་ཚོ་ཚང་མར་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་ཀྱི་འགན་འཁྲི་ཡོད་ལ།སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་བོ་ཞིག་གཏོད་པར་དུས་རྒྱུན་དུ་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་ཤེས་བྱའི་དྲིལ་སྒྲོག་སློབ་གསོ་ཡག་པོ་སྤེལ་དགོས།ད་ལོར།ཞིང་ཆེན་ཡོངས་ཀྱིས་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་དེ“སློབ་མགོ་ཚུགས་པའི་སློབ་ཚན་དང་བོར”བཅུག་ཡོད་པ་དང་རང་ཁུལ་གྱིས་ཀྱང་དང་ལེན་ཧུར་ཐག་བྱས་ནས་མང་ཚོགས་ཀྱི་བྱ་སྤྱོད་ལ་སྐུལ་ཁྲིད་དང་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་དང་བདེ་འཇགས་འགན་ལེན་བྱ་དགོས་སོ།།

རྩོམ་སྒྲིག་པ།  གཡུ་འཛོམས།