ལྷ་ཡུལ་ཞིང་གི་དོ་ཟླ།

རྩོམ་པ་པོ།   ཆབ་བྲག་འཁྱམས་པོ། དུས་ཚོད།   2020-09-09   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

རབ་མཛེས་ཡིད་འོང་སྤང་རི་འདི།།

རིན་ཆེན་གཡུ་ཡིས་བཞེངས་པ་འདྲ།།

སྐར་ཚོགས་ས་ལ་བབས་འདྲ་འདི།།

སྒོ་ཕྱུགས་རྟ་ནོར་ལུག་གསུམ་རེད།།

ཕྱུགས་རྫི་གཞོན་ནུའི་གླུ་སྐད་དང་།།

ཁུ་བྱུག་ལྷང་ལྷང་གྲགས་པ་གཉིས།།

ཕན་ཚུན་གཅིག་ལ་འགྲན་པ་བཞིན།།

སྙན་འཇེབས་གླུ་ཡིས་རི་ལུང་བཀང་།།

མཁའ་ན་འཇའ་ཚོན་རི་མོ་བཀྲ།

སྤང་ན་མེ་ཏོག་སྣ་ཚོགས་བཞད།།

ངོ་མཚར་རང་བྱུང་ནེའུ་གསེང་འདི།།

རིན་ཆེན་ནོར་བུའི་གཏེར་མཛོད་ཅིག།

མིག་གི་དཔལ་དུ་ཤར་བའི་ཚེ།།

ལྷ་ཡུལ་ཁམས་ལ་འཁྲུལ་བ་མང་།།

དོན་དམ་ཡངས་པའི་རྩྭ་ཐང་དེ།།

རྟ་ནོར་ལུག་གི་རྩེ་ར་ལགས།།

གཡང་དཀར་ལུག་གི་འབའ་སྒྲ་གཅིག།

དྭངས་གཙང་ཆུ་བོའི་བཞུར་སྒྲ་གཉིས།།

གྱི་ལིང་ལྷང་ལྷང་འཚེར་བ་གསུམ།།

སྒྲ་དབྱངས་ཀུན་ཀྱི་ཡང་རྩེ་ལགས།།

མཛེས་ཤིང་ཡངས་པའི་རྩྭ་ཐང་འདི།།

ངོ་མཚར་ལྷ་ཡུལ་ལས་ཀྱང་མཛེས།།

བཀྲ་ཤིས་ཕུན་སུམ་ཚོགས་པའི་ས།།

འདི་ལས་གཞན་ཞིག་གང་དུ་འཚོལ།།

རྩོམ་སྒྲིག་པ།  གཡུ་འཛོམས།