ཞིང་ཆེན་ཡོངས་ཀྱི་དམངས་གཉེར་དཔལ་འབྱོར་བརྟན་པོའི་ངང་སླར་གསོ་འབྱུང་བཞིན་ཡོད།

རྩོམ་པ་པོ།   གསང་བདག་སྒྲོལ་མས་བསྒྱུར།དུས་ཚོད།   2020-09-09   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

              རྔ་བའི་གསར་འགྱུར་དྲ་བའི་འཕྲིན། གསར་འགོད་པས་ཟླ་8ཚེས་27ཉིན་འཚོགས་པའི་སི་ཁྲོན་ཞིང་ཆེན་གྱི་དམངས་གཉེར་དཔལ་འབྱོར་དང་ཁེ་ལས་ཆུང་འབྲིང་འཕེལ་རྒྱས་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་ནས་ཤེས་པ་ལྟར་ན། ད་ལོར་ཏོག་གསར་གློ་ཚད་ཀྱིས་ཤུགས་རྐྱེན་ཐེབས་ཚད་ཅུང་ཆེ་བའི་དམངས་གཉེར་ཁེ་ལས་དང་ལྷག་པར་དུ་དམངས་གཉེར་ཁེ་ལས་ཆུང་འབྲིང་གི་དཔལ་འབྱོར་བརྟན་པོའི་ངང་སླར་གསོ་འབྱུང་བཞིན་ཡོད།

         ལོ་སྟོད་དུ་ཞིང་ཆེན་ཡོངས་སུ་དམངས་གཉེར་དཔལ་འབྱོར་གྱི་རིན་ཐང་འཕར་ཚད་སྒོར་དུང་ཕྱུར་ཁྲི་1.2བྱུང་ཡོད་ལ། GDPཡི་བསྡུར་ཚད་ཀྱི་བརྒྱ་ཆ་54.1བཟུང་བ་དེ་དུས་ཚིགས་དང་བོ་དང་བསྡུར་ན་བརྒྱ་ཆ་0.8ཇེ་མཐོར་ཕྱིན་པ་དང་། དམངས་ཁྲོད་ཀྱི་མ་འཇོག་འཕར་ཚད་བརྒྱ་ཆ་4.7བཟུང་བ་དེ་དུས་ཚིགས་དང་བོ་ལས་བརྒྱ་ཆ་8.6ཇེ་མཐོར་ཕྱིན་ཡོད། ཟླ་6པའི་ཟླ་མཇུག་བར་དུ། ཞིང་ཆེན་ཡོངས་ཀྱི་ཁེ་ལས་ལ་དཔྱ་ཁྲལ་སྒོར་དུང་ཕྱུར་385.4ཆག་ཡང་དང་མེད་པར་བཏང་ཡོད་པ་དང་། ཞིང་ཆེན་ཡོངས་ཀྱི་དམངས་གཉེར་དཔལ་འབྱོར་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་1.5ཟིན་ཡོད་ལ། ལོ་གོང་མའི་དུས་མཉམ་དང་བསྡུར་ན་བརྒྱ་ཆ་9.8འཕར་ཡོད། སྤྱི་ཚོགས་འགན་བཅོལ་གྲོན་དངུལ་སྒོར་དུང་ཕྱུར་225ཆག་ཡང་དུ་བཏང་ཡོད་པ་དང་། ལས་གནས་བརྟན་པོར་མ་དངུལ་སྒོར་དུང་ཕྱུར་27.8བཏང་ཡོད།

         ལོ་སྟོད་དུ། ཞིང་ཆེན་རིག་གནས་ལྗོངས་སྐོར་ཐིང་གིས་རིག་གནས་ལྗོངས་སྐོར་ཁེ་ལས་དང་ལས་རིགས་རྩ་འཛུགས་164ལ་དཀའ་ངལ་ཡོད་པའི་གསབ་དངུལ་སྒོར་ཁྲི་6210སྟེར་བ་དང་། ལྗོངས་སྐོར་ལས་དོན་ཁང་778ཀྱིས་ལྗོངས་སྐོར་སྤུས་ཚད་འགན་ལེན་མ་དངུལ་སྒོར་དུང་ཕྱུར་2.58གནས་སྐབས་ཕྱིར་འཐེན་བྱས། ཟླ་7ཚེས་15ཉིན་ཞིང་ཆེན་ལས་བརྒལ་བའི་ལྗོངས་སྐོར་ཚོགས་པ་སླར་གསོ་བྱས་པ་ནས་བཟུང་། ལྗོངས་སྐོར་ལས་དོན་ཁང་གིས་ཞིང་ཆེན་ལས་བརྒལ་བའི་ལྗོངས་སྐོར་ཚོགས་པ་ཁྲི་1.25ལ་སྣེ་ལེན་བྱས་པ་དང་། ལྗོངས་རྒྱུ་བ་ཁྲི་28.48ལ་སྣེ་ལེན་བྱས་པ། ཞིང་ཆེན་ནང་ཁུལ་གྱི་ལྗོངས་སྐོར་ཚོགས་པ་ཁྲི་3.45ལ་སྣེ་ལེན་བྱས་པ་དང་། ལྗོངས་རྒྱུ་བ་ཁྲི་87.67ལ་སྣེ་ལེན་བྱས་ཡོད། ད་བར་དུ་ཞིང་ཆེན་ཡོངས་ཀྱི་ལྗོངས་སྐོར་ལས་དོན་ཁང་1297ལས་799ལས་མགོ་ཚུགས་ཡོད་པ་དང་། ལས་མགོ་ཚུགས་ཚད་བརྒྱ་ཆ་61ཟིན་ཡོད།

          དངུལ་རྩས་རིག་གནས་ལྗོངས་སྐོར་ཁེ་ལས་སླར་གསོ་དང་འཕེལ་རྒྱས་ཡོང་བར་རོགས་སྐྱོར་བྱས། མིག་སྔར་རིག་གནས་ལྗོངས་སྐོར་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་དགོས་མཁོའི་མིང་ཐོའི་ནང་བཅུག་པའི་ཁེ་ལས་77ལ་དངུལ་བུན་སྒོར་དུང་ཕྱུར་10ཙམ་རག་ཡོད་ལ། རིག་གནས་ལྗོངས་སྐོར་གྱི་ཆེད་དོན་བུན་འཛིན་ཡང་སི་ཁྲོན་རིག་གནས་ལྗོངས་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་ལས་སྟེགས་གལ་ཆེན་ཞིག་ཏུ་གྱུར་ཡོད། བསྡོམས་རྩིས་རགས་ཙམ་བྱས་པ་ལྟར། ལོ་སྟོད་དུ་ས་གནས་སྲིད་གཞུང་གིས་ཆེད་དོན་བུན་འཛིན་སྒོར་དུང་ཕྱུར་68.17བཀྲམས་ནས་རིག་གནས་ལྗོངས་སྐོར་རྣམ་གྲངས་65ལ་རྒྱབ་སྐྱོར་བྱས་པ་དང་། ཕན་ནུས་ལྡན་པའི་མ་དངུལ་སྒོར་དུང་ཕྱུར་354.69གཏོང་བར་སྐུལ་ཁྲིད་བྱས་ཡོད། དངུལ་ཁང་གི་སྒྲིག་གཞི་5ཡིས་རིག་གནས་ལྗོངས་སྐོར་གྱི་ཁྱད་ཆོས་ལྡན་པའི་ཡན་ལག་དངུལ་ཁང་24བཙུགས་པར་མ་ཟད། རིག་གནས་ལྗོངས་སྐོར་གྱི་དངུལ་བུན་དང་ལྗོངས་སྐོར་དངུལ་བུན། ས་ཁོངས་ཧྲིལ་བོའི་ལྗོངས་སྐོར་དངུལ་བུན། མཛེས་ལྗོངས་ཁུལ་གྱི་ཡོང་འབབ་དངུལ་བུན། ཞིང་ཁྱིམ་སྤྲོ་གསེང་ཁང་གི་དངུལ་བུན་སོགས་ཁྱད་ལྡན་ཡིད་རྟོན་དངུལ་བུན་ཐོན་རྫས་བཏོན་ནས། རིག་གནས་ལྗོངས་སྐོར་གྱི་ཁེ་ལས་ལ་དངུལ་ཁང་གི་དངུལ་བུན་སྒོར་དུང་ཕྱུར་20ཙམ་རོགས་རམ་བྱས་སོ།།

རྩོམ་སྒྲིག་པ། གཡུ་འཛོམས།