མིག་ཟུང་།

སྒྲུང་རིང《གངས་འདབས་ཀྱི་དུར་ཁྲོད་དང་ཤམ་བྷ་ལའི་བྱ་རྒོད》བཀླགས་རྗེས།

རྩོམ་པ་པོ།   དུས་ཚོད།   2020-09-07   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

རྩོམ་པ་པོ།

ཁྱོད་ཀྱི་མིག་ཟུང་དུ་རྟག་བརྟན་གྱི་མ་ཡུམ་ཞིག་འཁྲུངས་ཡོད།

མ་ཡུམ་དེའི་བྲང་གཞུང་དུ།

ཁྱོད་དང་ལྷན་དུ་བུ་ཕྲུག་མང་པོ་འཕུར་ལྡིང་བྱེད་ཀྱིན།

ཁྱོད་ཚོས་འཁྲབ་གཞུང་ཞིག་གི་དོན་དུ།

གངས་འདབས་ཀྱི་དུར་ཁྲོད་དུ་ཟློས་གར་གྱི་རི་བོ་བཞེངས་ཤིང་།

ཤམ་བྷ་ལའི་བྱ་རྒོད་དང་ལྷན་དུ་གཟུངས་གཞུག་མེད་པའི་མཆོད་རྟེན་མང་པོ་མཐོང་ཡང་།

ཁྱོད་ལ་ངུ་སྐད་ཅི་ཡང་མི་འདུག

མཚམས་རེར་ཤི་བོ་དག་གསོན་དུ་འཇུག་ངེས་ལ།

ལན་རེར་གསོན་པོ་དག་འཆི་ལམ་དུ་བརྫང་ཡང་སྲིད་པས།

དོན་དུ། མིའི་རིགས་ནི་ངོ་བོ་སྒྱུར་སླ་བའི་ཁ་དོག་ཅིག་ཡིན་པ་བདེན་དུ་འཇུག་འདོད་པ་མ་ཡིན་ནམ།

སྐྱོ་སྐྱོ།

ཁྱོད་ཀྱི་རྐང་འོག་ཏུ་སའི་གོ་ལ་ཆུང་དྲགས་པས།

ཉིན་མོར། སྦྲ་ནག་ལ་སྐོར་བ་བརྒྱབ་པ་ལས་སླ་ཞིང་།

མཚན་མོར། རྨི་ལམ་ཐུན་གཅིག་རྨིས་པ་ལས་མགྱོགས།

ཁྱོད་ཀྱིས་བྲིས་པའི་ཉིན་ཐོ་རུ།

མ་ཡུམ་གྱི་རུས་ཐལ་ལྷ་སར་ཁྱེར་མ་ཐུབ་མོད།

ཁྱོད་ནི། སྦྲ་གུར་ནས་ལམ་ལ་ཆས་པའི་བུ་ཕྲུག་ཡག་པོ་ཞིག་ཡིན་པ་སུས་ཀྱང་ཁས་ལེན་ཐུབ་ལ།

ཐ་ན་ཁྱོད་ཀྱི་མིག་ཟུང་དུ་ཤེས་རབ་ཀྱི་འོད་སྣང་འཁྱིལ་ཞིང་།

ཁྱོད་རང་། ཤམ་བྷ་ལ་ནས་གདན་དྲངས་པའི་འཇིག་རྟེན་འཕུར་གྲུར་བསྡད་དེ།

འགྲུལ་བཞུད་གཞན་ཞིག་ལ་ཆས་པས་ཀྱང་།

ཁྱོད་རང་འཇིག་རྟེན་གྱི་མཛེས་སྡུག་ཡོད་ཚད་ལས་རྒྱལ་སོང་བ་མ་ཡིན་ནམ།

རྩོམ་སྒྲིག་པ།  ཚེ་པེ།