ས་ཞིང་སྐོར་སྐྱོད་བྱས་ནས་མང་ཚོགས་ཀྱི་ཡོང་འབབ་འཕར།

རྩོམ་པ་པོ།   གསང་བདག་སྒྲོལ་མ།དུས་ཚོད།   2020-08-21   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

            རྔ་བའི་གསར་འགྱུར་དྲ་བའི་འཕྲིན། ཐོན་ལས་ནི་དབུལ་བྲལ་གྱི་རྨང་གཞི་ཡིན་པར་མ་ཟད།དམངས་ཕྱུག་གི་རྩ་བ་དང་ཕྱུག་འགྱུར་གྱི་སྒོ་མོའང་ཡིན། ཉེ་བའི་ལོ་ཤས་རིང་། ཁྲོ་ཆུ་རྫོང་ཆུ་ནག་ཡུལ་ཚོ་རོ་ཉུ་ཀླས་གྲོང་སྡེས་ཞིང་ལས་ཐོན་ལས་འཕེལ་རྒྱས་སུ་བཏང་ཞིང་། གཙོ་ཁྲིད་ཁེ་ལས་ནང་འདྲེན་བྱས་ནས་ཚད་ལྡན་ཅན་གྱི་འདེབས་འཛུགས་གཉེར་བ་དང་། མང་ཚོགས་ཀྱིས་ས་ཞིང་སྐོར་སྐྱོད་དང་ཐག་ཉེ་ས་རུ་ཞོར་ལས་གཉེར་ནས་ཡོང་འབབ་ཇེ་མང་དུ་བཏང་།

       ཉེ་ཆར། གསར་འགོད་པ་ཁྲོ་ཆུ་རྫོང་ཆུ་ནག་ཡུལ་ཚོ་རོ་ཉུ་ཀླས་གྲོང་སྡེའི་སྐྱེ་ལྡན་ཤིང་ཏོག་དང་སྔོ་ཚལ་གྱི་རྟེན་གཞིར་སོང་དུས། ཤིང་ཏོག་དང་སྔོ་ཚལ་གྱི་སྐྱེ་ཚུལ་ལེགས་ཤིང་གང་ས་གང་དུ་དྲི་ཞིམ་འཐུལ་གྱིན་འདུག མང་ཚོགས་ཞིང་ཁ་རུ་འགྲོ་འོང་བྱས་ནས་འབྲི་ཏ་ས་འཛིན་བསྡུ་བཞིན་ཡོད་པས་བྲེལ་འཚུབ་ཀྱི་རྣམ་པས་ཁེངས་འདུག

        ཁྲོ་ཆུ་རྫོང་ཆུ་ནག་ཡུལ་ཚོ་རོ་ཉུ་ཀླས་གྲོང་སྡེའི་སྐྱེ་ལྡན་ཤིང་ཏོག་དང་སྔོ་ཚལ་གྱི་རྟེན་གཞི་ནི་2019ལོར་བསྐྲུན་ཞིང་། ས་ཞིང་མུའུ་40སྐོར་སྐྱོད་བྱས་ནས་འབྲི་ཏ་ས་འཛིན་བཏབ་པ་དང་། ལོ་དེར་འབྲི་ཏ་ས་འཛིན་མུའུ་གཅིག་ལ་ཐོན་ཚད་སྒོར་ཁྲི་3.5ལྷག་ཡོད་ལ། གྲོང་སྡེ་ཡོངས་ཀྱི་སྡེ་མི་བརྒྱ་ཆ་80ཡི་ཡན་གྱིས་རྟེན་གཞིར་ཞོར་ལས་གཉེར་བཞིན་ཡོད་པ་དང་། དེ་ལས་ཡིག་ཚགས་བཀོད་ཅིང་བྱང་བུ་བཟོས་པའི་དབུལ་ཁྱིམ་10ལྷག་ཡོད། ད་ལོ་ནས་བཟུང་། གླ་ཆ་སྒོར་ཁྲི་5ཡས་མས་གླ་བར་སྟེར་ཟིན་ལ། སྔོན་དཔག་བྱས་ན་ལོ་ཧྲིལ་བོར་གླ་ཆ་སྒོར་ཁྲི་20ལྷག་སྟེར་ཐུབ་རྒྱུ་རེད།

        རྒྱུས་ལོན་པ་ལྟར་ན། 2019ལོ་ནས་བཟུང་། ཆུ་ནག་ཡུལ་ཚོས་ཀྲེ་ཅང་གྲོང་ཁྱེར་གྱིས་སྐྱེ་ལྡན་ཤིང་ཏོག་དང་སྔོ་ཚལ་རྟེན་གཞི་བསྐྲུན་པའི་གོ་སྐབས་དང་བསྟུན། ཁང་ཞིན་ཞིང་ཕྱུགས་ལས་ཚད་ཡོད་ཀུང་སི་སོགས་གཙོ་ཁྲིད་ཁེ་ལས་ནང་འདྲེན་བྱས་པ་དང་། ས་ཞིང་སྐོར་སྐྱོད་དང་གཅིག་སྡུད་ཀྱིས་ས་ཞིང་མུའུ་1600ལྷག་ལེགས་སྒྲིག་བྱས་ལ། གཅིག་གྱུར་གྱིས་ཤིང་ཏོག་དང་སྔོ་ཚལ་འདེབས་འཛུགས་དང་དོ་དམ། ཕྱིར་འཚོང་སོགས་བརྒྱུད་ནས་ས་ཞིང་གི་བེད་སྤྱོད་བྱེད་ཚད་ཇེ་མཐོ་རུ་བཏང་ཡོད་ལ། ས་གནས་མང་ཚོགས་ཀྱིས་ཤིང་ཏོག་དང་སྔོ་ཚལ་འདེབས་འཛུགས་ཀྱི་ལག་རྩལ་སྦྱངས་ཐུབ་པར་མ་ཟད་ཡོང་འབབ་ཀྱང་འཕར་ཡོད་དོ།། 

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།