སློབ་ཆེན་སློབ་མ་འདི་དག་གིས་གཞི་ནས་ཁ་རས་ཕུད་ཆོག་འདུག

རྩོམ་པ་པོ།   དུས་ཚོད།   2020-08-17   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

      སྤྱི་ཟླ་8པའི་ཚེས་13ཉིན། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་སློབ་གསོ་པུའུ་ཡིས་མཐོ་སློབ་དང་སློབ་གྲྭ་འབྲིང་ཆུང་། བུ་བཅོལ་སྒྲིག་གཞི་བཅས་སོ་སོར་སྤྱོད་རྒྱུར་འཚམ་པའི《སྟོན་དགུན་དུས་ཚིགས་སུ་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་ལག་རྩལ་ཇུས་གཞི(གསར་སྒྱུར་པར་གཞི)》ཞེས་པ་དེ་ཁྱབ་བསྒྲགས་བྱས་ཡོད།

     ཁ་རས་རྒྱག་པའི་གནད་དོན་སྐོར་ལ། སྟོན་དུས་སློབ་འགོ་ཚུགས་རྗེས་སློབ་གྲྭ་འབྲིང་ཆུང་གི་སློབ་མས་ལུས་སུ་ཁ་རས་འཁྱེར་དགོས་པ་དང་། གློ་ཚད་རིམས་ནད་ཀྱི་ཉེན་ཁ་ཆུང་བའི་ས་ཁུལ་གྱི་སློབ་གྲྭའི་ནང་གི་སློབ་མས་ཁ་རས་རྒྱག་མི་དགོས་པ་གསལ་པོ་བསྟན་ཡོད།

     དེ་ལས་མཐོ་རིམ་སློབ་གྲྭའི་སྐོར་ལ《མཐོ་རིམ་སློབ་གྲྭའི་སྟོན་དགུན་དུས་ཚིགས་སུ་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་ལག་རྩལ་ཇུས་གཞི(གསར་སྒྱུར་པར་གཞི)》ལས་བསྟན་དོན།

     སློབ་གྲྭས་སློབ་འགོ་ཚུགས་པའི་དུས་ཚོད་དངོས་སུ་གཏན་འཁེལ་མ་བྱས་གོང་དང་བརྡ་ཐོ་མ་བཏང་སྔོན་དུ་སློབ་མ་སློབ་གྲྭར་སྔོན་དུ་ལོག་མི་ཆོག་པ་དང་། གློ་ཚད་རིམས་ནད་ཀྱི་ཉེན་ཁ་ཆེ་བའི་ས་ཁུལ་ནས་ཡོང་བའི་སློབ་མ་དང་དགེ་རྒན། སློབ་གྲྭའི་ལས་བཟོ་བ་བཅས་སློབ་གྲྭར་ཕྱིར་ལོག་སྐབས་ངེས་པར་དུ་སློབ་གྲྭར་གཟའ་འཁོར་གཅིག་ནང་བརྟག་དཔྱད་བྱས་པའི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་གྱི་སྙན་ཞུ་སྟོན་དགོས་ལ། དེ་བཞིན་ཕྱི་རྒྱལ་དུ་ཡོད་པའི་དགེ་སློབ་གྱིས་སློབ་གྲྭའི་བརྡ་ཐོ་མ་འབྱོར་གོང་དུ་སློབ་གྲྭར་ལོག་མི་ཆོག་པ་དང་། སློབ་གྲྭར་ཕྱིར་ལོག་བྱེད་སྐབས་ཀྱང་འབྲེལ་ཡོད་བླང་བྱ་གཞིར་བཟུང་ནས་སློབ་གྲྭར་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་གྱི་དཔང་ཡིག་སྟོན་དགོས། སློབ་གྲྭའི་ནང་གི་སློབ་མ་དང་སློབ་ཁྲིད་དགེ་རྒན་གྱིས་ཁ་རས་རྒྱག་མི་དགོས།

     སློབ་གྲྭའི་ནང་དུ་(གནས་སྐབས་ཀྱི)ལོགས་བཀར་ཁང་འཛུགས་དགོས་པ་དང་། དེ་བཙུགས་པའི་ས་གནས་ཅུང་ལོགས་སུ་ཡིན་དགོས་ལ། མི་ལ་ཚ་བ་རྒྱས་པ་སོགས་ཀྱི་ནད་རྟགས་འབྱུང་སྐབས་མྱུར་དུ་ལོགས་སུ་བཀར་ཐུབ་པ་བྱེད་དགོས།

     དགེ་རྒན་དང་ལས་བཟོ་བ། སློབ་མ་གང་གི་ནད་གཞི་དྲག་སྐྱེད་བྱུང་རྗེས་སློབ་གྲྭར་ཕྱིར་ལོག་བྱེད་སྐབས། དེར་ས་གནས་དེ་གའི་ཐོབ་ཐང་ལྡན་པའི་སྨན་བཅོས་ཚན་པས་བཏོན་པའི་སློབ་གྲྭར་བསྐྱར་ཞུགས་བྱེད་པའི་དཔང་ཡིག་ལ་དཔྱད་བཤེར་བྱ་དགོས།

     སློབ་གྲྭ་འབྲིང་ཆུང་སྐོར་ལ།《སློབ་གྲྭ་འབྲིང་ཆུང་གི་སྟོན་དགུན་དུས་ཚིགས་ཀྱི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་ལག་རྩལ་ཇུས་གཞི(གསར་སྒྱུར་པར་གཞི)》ལས་བསྟན་དོན།

     ཕྱི་རྒྱལ་དུ་ཡོད་པའི་དགེ་སློབ་ལ་སློབ་གྲྭའི་བརྡ་ཐོ་མ་འབྱོར་གོང་དུ་སློབ་གྲྭར་ལོག་མི་ཆོག་པ་དང་། སློབ་གྲྭར་ཕྱིར་ལོག་སྐབས་ཀྱང་འབྲེལ་ཡོད་བླང་བྱ་གཞིར་བཟུང་ནས་སློབ་གྲྭར་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་གྱི་དཔང་ཡིག་སྟོན་དགོས།

     ཚན་རིག་དང་མཐུན་པའི་སྒོ་ནས་ཁ་རས་རྒྱག་དགོས་པ་སྟེ། སློབ་མ་རྣམས་ཀྱིས་ལུས་སུ་སྤྱོད་ཐེངས་གཅིག་ཡིན་པའི་སྨན་སྤྱོད་ཁ་རས་ཀྱི་ཚད་གཞིའམ་ཡང་ན་འགོག་སྲུང་གི་རིམ་པ་དང་མཐུན་པའི་ཁ་རས་འཛིན་དགོས་ལ། གློ་ཚད་རིམས་ནད་ཀྱི་ཉེན་ཁ་ཆུང་བའི་ས་ཁུལ་གྱི་སློབ་གྲྭའི་ནང་གི་སློབ་མས་ཁ་རས་རྒྱག་མི་དགོས་པ་རེད།

     དགེ་རྒན་དང་སློབ་གྲྭའི་ལས་བཟོ་པས་འགོག་སྲུང་བྱེད་པར་དོ་སྣང་བྱ་དགོས་པ་སྟེ། དགེ་རྒན་གྱིས་སློབ་ཁྲིད་བྱེད་སྐབས་ཁ་རས་རྒྱག་མི་དགོས་ལ། སློབ་གྲྭའི་སྒོ་སྲུང་བ་དང་གཙང་སྦྲ་བྱེད་མཁན། དེ་བཞིན་ཟ་ཁང་གི་ལས་བྱེད་མི་སྣ་སོགས་ཀྱིས་ཁ་རས་རྒྱག་དགོས།

     བརྡ་ཐོ་གསར་ཤོས་མཐོང་རྗེས། དྲ་གྲོགས་མི་ཉུང་བ་ཞིག་གིས་གཞི་ནས་ཉིན་དེ་སྒུག་ཐུབ་སོང་ཞེས་བཤད་ཡོད་ལ།

     ཡང་དྲ་གྲོགས་ཁ་ཤས་ཀྱིས་ཁ་རས་བརྒྱབ་ན་མི་སེམས་བདེ་བ་དང་ཆམ་རིམས་སྔོན་འགོག་བྱེད་ཐུབ་པ་སོགས་ཀྱི་དགེ་མཚན་གླེང་ཡོད།

ཚན་རིག་དང་མཐུན་པའི་སྒོ་ནས་རིམས་འགོག་བྱས་ཏེ།

དམངས་ཡོངས་ཀྱིས་ཁ་རས་ཕུད་པའི་ཉིན་མོར་རེ་སྒུག་བྱེད།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།