རྨ་ལྷོ། རིག་པའི་འབྱུང་ཁུངས་ཞེས་གྲགས་པའི་མཛེས་སྡུག་གི་གནས་མཆོག

རྩོམ་པ་པོ།   འོད་གསལ་མཚོ།དུས་ཚོད།   2020-07-31   རྩོམ་ཁུངས།    རྔ་བའི་གསར་འགྱུ་དྲ་བ།

        རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནི་མཚོ་སྔོན་ཞིང་ཆེན་གྱི་ཤར་ལྷོའི་མཚམས་ཏེ་རྨ་ཆུ་ཁུགས་པ་དགུ་ལྡན་གྱི་ཁུགས་སོ་དང་བོར་ཆགས་པ་དང་།རྨ་ཀླུང་གཙང་པོའི་ལྷོ་ན་གནས་པས་རྨ་ལྷོ་ཞེས་འབོད།བྱང་ཤར་ཕྱོགས་ནི་མཚོ་ཤར་ས་ཁུལ་གྱི་བཱ་ཡན་རྫོང་དང་ཡ་རྫི་རྫོང་གཉིས་དང་འབྲེལ་བ་དང་།ཤར་ལྷོའི་ཕྱོགས་སུ་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བསང་ཆུ་དང་ཀླུ་ཆུ།རྨ་ཆུ་བཅས་རྫོང་གསུམ་དང་འབྲེལ།ནུབ་བྱང་དང་ལྷོ་ནུབ་ཕྱོགས་སུ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁྲི་ཀ་རྫོང་དང་འབའ་རྫོང་།མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་རྨ་ཆེན་རྫོང་བཅས་དང་འབྲེལ་ཞིང་།སྤྱིའི་ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་1.82དང་མི་གྲངས་ཁྲི་27ཙམ་ཡོད།

        དེ་ཡང་རྨ་ལྷོ་ཁུལ་གྱི་ལྷོ་སྟོད་དུ་རྫ་རི་གཡའ་རི་གངས་རིས་བསྐོར་ཞིང་།བར་དུ་སྤང་ལྗོངས་ནགས་ཚལ་གྱི་དབུས་སོགས་སུ་གཅན་གཟན་རི་དྭགས་ཀྱི་ཚོགས་རྣམས་བག་ཕེབས་ངང་རྒྱུ་ལ།རྐང་བཞི་ཕྱུགས་ཀྱི་འཕེལ་ཁ་དར། སྨད་དུ་ནམ་ཟླ་དྲོ་ཞིང་ས་གཤིས་ལེགས་པ་དང་།དགུ་ཆུ་དང་རྨ་ཆུའི་འགྲམ་རྒྱུད་སོགས་སུ་འབྲུ་རིགས་སྣ་ལྔའི་ལོ་ཏོག་གཡུར་དུ་ཟ་བ་སྟེ།ཞིང་ཕྱུགས་ལས་ཟུང་དུ་སྤེལ་བས་མཛེས་སྡུག་ལོངས་སྤྱོད་དཔལ་གྱིས་བརྒྱན་པའི་ཞིང་མཆོག་ཅིག་ཡིན།

སྐྱེ་དངོས་ཐོན་ཁུངས།

        ཁོར་ཡུག་སྲུང་སྐྱོང་དང་སྐྱེ་ཁམས་ཀྱི་ཁྱིམ་གཞིས་བསྐྲུན་རྒྱུ་ནི་ལྡོག་ཏུ་མེད་པའི་གདམ་ག་ཞིག་ཡིན།གཙང་གསུམ་ཆུ་མགོའི་ལྟེ་གནས་སུ་གྱུར་བའི་རྨ་ལྷོ་ཁུལ་གྱིས་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་གལ་ཆེན་ཞིག་ཏུ་བཟུང་སྟེ། སྔར་ནས་བཟུང་རྨ་ལྷོ་ཁུལ་གྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་གཙོ་གནད་དུ་བཟུང་ནས་སྤྱི་ཡོངས་བཀོད་སྒྲིག་དང་།གོ་རིམ་ལྡན་པའི་ཇུས་འགོད།ཁྱོན་ཡོངས་ཇུས་འགོད་བཅས་བྱས་ནས།མིའི་ཐབས་ཀྱིས་ནགས་འཛུགས་པ་དང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་འཛུགས་པ་སོགས་ཀྱི་རྣམ་གྲངས་ལག་བསྟར་བྱས་པ་བརྒྱུད།ཁུལ་ཡོངས་ཀྱི་ནགས་ཚལ་རྒྱ་ཁྱོན་མངོན་གསལ་དོད་པོས་ཆེ་རུ་སོང་ཡོད།2019ལོར་ཁུལ་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་100ལས་བརྒལ་བས་སྔར་ལོ་ལས་བརྒྱ་ཆ་7.7འཕར་འདུག

        རྨ་ལྷོ་ཁུལ་གྱི་སྨན་རྫས་ཐོན་ཁུངས་ཕུན་སུམ་ཚོགས་ལ།སྐྱེ་དངོས་དང་སྲོག་ཆགས།གཏེར་རྫས་བཅས་རིགས་ཆེན་པོ་གསུམ་ལ་བསྡོམས་པས་སྨན་སྣ་710ཡོད་པ་དང་།ཀྲུང་གོས་གཅིག་གྱུར་གཏན་འཁེལ་ཁྱབ་བཤེར་བྱས་པའི་སྨན་རྫས་ཀྱི་རིགས་363ཁྲོད་ཀྱི་སྨན་རྫས་82ཡོད།

ཆུ་ནུས་ཐོན་ཁུངས།

       རྨ་ལྷོ་ཁུལ་གྱི་ཁོངས་སུ་རྩྭ་ཆུ་ནགས་གསུམ་འཛོམས་པའི་རི་ཁུལ་མང་ཞིང་ཆུ་གློག་གི་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས།རྩེ་ཆུ་དང་ཀླུ་ཆུ།བསང་ཆུ།རོང་བོ་དགུ་ཆུ།རྨ་ཆུ་སོགས་ཆུ་བོ་ཆེ་ཆུང་140ལྷག་ཡོད་ཅིང་།དེ་ལས་རོང་བོ་དགུ་ཆུའི་བཞུར་རྒྱུན་གྱི་རིང་ཚད་ལ་སྤྱི་ལེ་144ཡོད་།ལྷོ་ནས་བྱང་དུ་རྩེ་ཁོག་རྫོང་བརྒྱུད་དེ་རེབ་གོང་དུ་བཞུར་ནས་དགུ་རོང་གི་འགག་མདོ་རུ་རྨ་ཆུར་འབབ།འགྲམ་རྒྱུད་དུ་བཙན་མོ་ཆུ་མཛོད་སོགས་གློག་འདོན་ས་ཚིགས་བཅུ་ལྷག་བསྐྲུན་ཡོད་པ་དང་།རྨ་ཆུའི་བཞུར་རྒྱུན་གྱི་རིང་ཚད་ལ་སྤྱི་ལེ་257ཡོད་ལ།སྔོ་རྒྱ་འགག་དང་བྲག་ཁང་སྣ་ཁ།གདོང་སྣ་སོགས་སུ་གློག་འདོན་ས་ཚིགས་ཆེ་གྲས་བསྐྲུན་ཡོད།

ལྗོངས་སྐོར་རིག་གནས།

        ལོ་རེའི་དཔྱིད་ཟླ་དང་པོ་ནས་དགུན་ཟླ་ཐ་མའི་བར་ལ།གནས་འདིར་ཆོ་འཕྲུལ་སྨོན་ལམ་ཆེན་མོ་དང་རིག་གནས་ཡུལ་སྐོར་དུས་ཆེན།རེབ་གོང་དྲུག་པའི་ཀླུ་རོལ།གཅན་ཚའི་གཡང་མདའ་རྟགས་མའི་རྒྱལ་སྤྱིའི་མདའ་རྩེད་གདན་ཞུས་འགྲན་བསྡུར།ཟླ་བརྒྱད་པའི་རྩེ་ཁོག་རྩྭ་ཐང་སྤྲོ་ཚོགས་ཆེན་མོ།ཧི་ནན་ནཱ་ཏམ་སྤྲོ་ཚོགས་ཆེན་མོ།ཐང་ག་འབྲི་བཞེངས་འགྲན་བསྡུར་ཆེན་མོ།མེ་ཏོག་མཛའ་གཞས་འདུ་ཚོགས།གཉན་ཐོག་གཏོ་སོགས་དམངས་སྲོལ་བྱེད་སྒོ་མང་བོ་སྤེལ་སྲིད།

       རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁོངས་སུ་རྒྱལ་ཁབA4རིམ་པའི་མཛེས་ལྗོངས་ཁུལ་2(ཁམས་ར་རྒྱལ་ཁབ་ས་གཤིས་ནགས་ཚལ་སྤྱི་གླིང་དང་རེབ་གོང་རྒྱལ་ཁབ་རིམ་པའི་ལོ་རྒྱུས་རིག་གནས་གནའ་མཁར་ལྗོངས་རྒྱུ་ཁུལ)དང་།A3རིམ་པའི་མཛེས་ལྗོངས་1(ཧི་ནན་རྫོང་དྭངས་བསིལ་ལྷ་ཆབ་བཟོ་ལས་ལྗོངས་ཁུལ)ཡོད།ཁུལ་ཡོངས་སུ་བསྡོམས་པའི་མཛེས་ལྗོངས་ཁུལ་དང་རིག་དངོས་སྲུང་སྐྱོབ་སྡེ་ཁག་287ཡོད་པ་དང་།དེའི་ཁྲོད་རྒྱལ་ཁབ་རིམ་པའི་རིག་གནས་ལྗོངས་ཁུལ་8དང་།ཞིང་ཆེན་རིམ་པའི་རིག་གནས་ལྗོངས་ཁུལ་87ཡོད་ལ།རྒྱལ་ཁབ་ས་གཤིས་དང་ནགས་ཚལ་སྤྱི་གླིང་།ཆུ་བེད་མཛེས་ལྗོངས་ཁུལ་བཅས་ཀྱི་མཚན་སྙན་སྣ་གསུམ་ཐོབ་པའི་ཁམས་ར་རྒྱལ་ཁབ་སྤྱི་གླིང་གཙོས་པའི་མོང་ཆི་རྩྭ་ཐང་ཆེན་མོ།རྩེ་ཁོག་ཧོར་བཀའ་བསྟན་རྡོ་བརྐོས་ཆོས་རྩིག དམེ་ཤུལ་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་སོགས་ཡོད།

ཡོང་འབབ་སྟོན་གྲངས།

        2015ལོ་ནས་བཟུང་།རྨ་ལྷོ་ཁུལ་གྱིས་ཀྲུང་དབྱང་དང་ཞིང་ཆེན།ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱས་ཏེ་སྦགས་བཙོག་འགོག་བཅོས་དང་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཀ་ལེགས་བཅོས།བཅོས་སྐྱོང་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་སྐྱེ་ཁམས་ཀྱི་རྨ་ལྷོ་སྐྲུན་པའི་གོམ་སྟབས་ཇེ་མགྱོགས་སུ་བཏང་།ལྔ་འཆར་བཅུ་གསུམ་པའི་རིང་ཁུལ་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་ཐད་མ་དངུལ་སྒོར་ཁྲི་103625.27བཏང་བ་དང་།ཁུལ་ཡོངས་ཀྱི་རང་བྱུང་ནགས་ཚལ་སྲུང་སྐྱོང་ལས་གྲྭའི་རྒྱ་ཁྱོན་དེ་ལྔ་འཆར་བཅུ་གཉིས་པའི་དུས་མགོའི་མུའུ་ཁྲི་351.64ནས་མིག་སྔའི་མུའུ་ཁྲི་465.42བར་ཇེ་མང་དུ་སོང་ཡོད།རང་བྱུང་ནགས་ཚལ་སྲུང་སྐྱོང་ལོ་འཁོར་གྱི་དོ་དམ་སྲུང་སྐྱོང་མ་དངུལ་ལྔ་འཆར་བཅུ་གཉིས་པའི་དུས་མགོའི་སྒོར་ཁྲི་2221.7ནས་མིག་སྔའི་སྒོར་ཁྲི་4695.94བར་མང་དུ་སོང་ནས་ལྡབ་2འཕར་ཡོད།ནགས་ཚལ་སྐྱེ་ཁམས་ཕན་འབྲས་ཀྱི་ཁ་གསབ་རྒྱ་ཁྱོན་ལྔ་འཆར་བཅུ་གཉིས་པའི་དུས་མགོའི་མུའུ་ཁྲི་260.08ནས་མིག་སྔའི་མུའུ་ཁྲི་370.88བར་འཕར་ཡོད། ཁ་གསབ་མ་དངུལ་ལྔ་འཆར་བཅུ་གཉིས་པའི་དུས་མགོའི་སྒོར་ཁྲི་1352.32ནས་མིག་སྔའི་སྒོར་ཁྲི་4204.35བར་མང་དུ་སོང་ནས་ལྡབ་3འཕར་ཡོད། ལྷག་པར་དུ་2019ལོར། རྨ་ལྷོ་ཁུལ་གྱིས《རྨ་ལྷོ་ཁུལ་རྩྭ་ཐང་སྲུང་སྐྱོང་སྲོལ་ཡིག(འཆར་ཟིན)》བཟོས་ཤིང་། རི་དང་ཆུ།ནགས།ཞིང་།མཚེའུ།རྩྭ་ཐང་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོང་སླར་གསོ་དང་བཅོས་སྐྱོང་བྱེད་པའི་ཇུས་གཞི་བཟོས་ཤིང་།རྩྭ་ཐང་མུའུ་ཁྲི་33བཅོས་སྐྱོང་བྱས།རྩྭ་ཐང་ཕྱོགས་བསྡུས་ལྗང་བསྒྱུར་བྱས་ཚད་བརྒྱ་ཆ་68ཟིན་ཡོད།སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ཐད་གདེང་འཇོག་གིས་སྐར་གྲངས་82.71བླངས་པས་ཞིང་ཆེན་ཡོངས་ཀྱི་ཨང་དང་བོར་བསླེབས་ཡོད།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།