གླིང་གི་རུ་དར་འཕྱར་བའི་གནམ་གྱི་མགོ་ལོག། རྨ་འབྲིའི་ཆུ་རྒྱུན་གསོ་བའི་ས་ཡི་མགོ་ལོག།

རྩོམ་པ་པོ།   གྲགས་པ་བསྟན་འཛིན།དུས་ཚོད།   2020-07-31   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

          མགོ་ལོག་ཁུལ་ནི་འཛམ་གླིང་གི་ལོ་རྒྱུས་སྙན་རྩོམ་རིང་མོ་གེ་སར་སྒྲུང་གི་ཕ་ས་དང་ཀྲུང་གོའི་བརླན་ས་མཛེས་ཤོས། གངས་ལྗོངས་ཀྱི་དག་ཞིང་བཅས་སུ་གྲགས་པའི་གནས་མཆོག་ཉམས་དགའ་བ་དེ་ཡིན་ཞིང་། གཙང་གསུམ་མགོ་ཁུངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཁུལ་དུ་གནས་པའི་བོད་རིགས་རང་སྐྱོང་ཁུལ་དེའི་སྤྱིའི་ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་2.85ཡོད་པ་དང་། དེར་སྐྱེ་ཁམས་སྲུང་སྐྱོང་ཁུལ་7དང་། རྨ་འབྲིའི་རྭ་ལག་ཡིན་པའི་ཆུ་བོ་ཆེ་ཆུང་36ཡོད་པར་མ་ཟད། མཚེའུ་ཆེ་ཆུང་5000ལྷག་ཡུལ་དེའི་སྟོད་སྨད་བར་གསུམ་གྱི་ཆ་ཀུན་ཏུ་སྐྱེ་ཁམས་གསོ་བའི་བཅུད་དང་རྨ་འབྲིའི་རྒྱུན་གསོ་བའི་གཏེར་དུ་འཁྱིལ་ཡོད་པས། ཀྲུང་ཧྭའི་ཆུའི་འབྱུང་ཁུངས་ཀྱི་ཆར་གཏོགས་གཙོ་བོ་ཞིག་ཡིན་པ་སྙོན་དུ་མེད།

         དེ་ལྟ་བུའི་ཡུལ་གྱི་སྐྱེ་ཁམས་ལ་སྲུང་སྐྱོང་བྱེད་པ་གལ་ཆེ་བས། མགོ་ལོག་ཁུལ་གྱིས་གཙང་གསུམ་མགོ་ཁུངས་ལ་སྲུང་སྐྱོང་བྱ་རྒྱུ་དེ་གཡོལ་ཐབས་མེད་པ་དང་སླ་བཅོས་སྤུ་ཙམ་ཡང་བྱ་མི་རུང་བའི་དུས་རབས་ཀྱི་ལས་འགན་ལྕི་མོ་ཞིག་ཏུ་བརྩིས་ཡོད། ཉེ་བའི་ལོ་འགའི་རིང་། མགོ་ལོག་ཁུལ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་ཀྱི་ཁྲོད་ནས་སྐྱེ་ཁམས་སྲུང་སྐྱོང་དང་སྐྱེ་ཁམས་སྲུང་སྐྱོང་གི་ཁྲོད་ནས་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་དེ་མགོ་ལོག་པའི་སེམས་ལ་འཇགས་པར་བྱས་ཤིང་ལག་ཏུ་སྨིན་པར་བྱས་སོ།།

གཙང་བོ་ཤེས་རིག་དར་བའི་དཔལ་དུ་འབབ།། རི་དྭགས་སྐྱེ་ཁམས་མཉམ་པའི་གར་དུ་རོལ།།

         གནམ་མགོ་ལོག་ས་མགོ་ལོག་ཅེས་གྲགས་པའི་ཡུལ་འདིའི་ཐ་གྲུ་ཀུན་ནས་སྐྱེ་དགུའི་ཟུངས་གསོ་བའི་ཆུ་བོ་དག་གདོད་མ་ཉིད་ནས་རྒྱུན་ལ་ཆད་པ་མེད་པར་བརྡོལ་ཏེ་ཀྲུང་ཧྭའི་ཆུ་མཛོད་དུ་གྲགས་པ་གང་གྲུབ་ཅིང་། དེ་ཡི་དྲིན་ལས་ཀྲུང་ཧྭའི་ཤེས་རིག་གི་རྩ་བ་ཚུགས་ ཤིང་རྩེ་མོ་རྒྱས་པར་མ་ཟད། ཡ་གླིང་གི་ཤེས་རིག་ཀྱང་དེ་ཡི་དྲིན་ལས་ཁོ་ལག་རྒྱས། མགོ་ལོག་ཁུལ་རྨ་སྟོད་རྫོང་དུ་གནས་པའི་གཙང་གསུམ་མགོ་ཁུངས་རྒྱལ་ཁབ་རིམ་པའི་སྤྱི་གླིང་དུ་སྐྱོད་སྐབས། འདྲེན་བྱེད་བུ་མོའི་མཐོང་ཆོས་སུ་སྨིན་པ་ནི། གོས་ལྗང་ས་ལ་བཏང་བ་ལྟ་བུའི་སྤང་ལྗོངས་ན་འབྲོང་བག་ཡངས་མོར་རྩྭ་ལ་ཡན་པ་དང་། རྫ་ཆུ་ལྷུང་ལྷུང་འབབ་པའི་གཡས་གཡོན་ན་ཤྭ་ཤེའུ་ཁྱུ་དང་ཁྱུ་བྱས་ནས་རྩེད་འཇོ་ཅི་དགར་རོལ་བའོ།། མིག་སྔར་སྤྱི་གླིང་དེར་སྒལ་ཚུགས་ཅན་གྱི་རི་སྐྱེས་སྲོག་ཆགས་ཀྱི་རིགས་78དང་། འདབ་ཆགས་ཀྱི་རིགས་40། རི་དྭགས་ཀྱི་རིགས་30། རྒྱལ་ཁབ་ཀྱིས་གཙོ་གནད་སྲུང་སྐྱོང་གི་སྲོག་ཆགས་ཀྱི་རིགས་69བཅས་ཡོད་པ་དང་། དུས་ཀྱི་འགྲོས་དང་བསྟུན་ནས་སྲོག་ཆགས་དེ་དག་གི་ཁ་གྲངས་ཇེ་མང་དུ་འགྲོ་བཞིན་པ་ནི་མགོ་ལོག་ཁུལ་གྱིས་ལྷོད་གཡེང་མེད་པར་སྐྱེ་ཁམས་སྲུང་སྐྱོང་གི་ལས་ཀ་ནན་གྱིས་བསྒྲུབས་པའི་འབྲས་བཟང་ཡིན།

ས་ཆུ་འཛིན་པའི་བདག་པོ་སྤང་ལྗོངས་ཡིན།། དེ་ཉིད་སྲུང་བར་འཇོན་པོ་མགོ་ལོག་པ།།

        ཡུལ་འདིའི་རྩྭ་ས་ལ་བདག་སྐྱོང་བཟང་པོ་ཞིག་བྱེད་པ་ཡང་ཤིན་ཏུ་གལ་ཆེ་སྟེ། རྩྭ་རྩི་ཤིང་མེད་པར་གྱུར་ན་ཡུལ་འདིའི་རི་ལུང་ཀུན་ལ་ས་ཆུ་འཛིན་པའི་ནུས་པ་མེད་འགྲོ་བས། ཡུལ་འདི་ནས་རང་རྒྱལ་གྱི་འཛིན་མའི་ལྟོ་བར་ལྷོ་བྱང་གཉིས་སུ་ཕྱེས་ཏེ་ལྷུང་ལྷུང་འབབ་པའི་རྨ་འབྲིའི་རྒྱུན་ཡང་རྙོག་ཅིང་བསྐམ་པར་འགྱུར། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བའི་བསྐྱར་དར་མངོན་དུ་འགྱུར་བའི་རྟེན་འབྲེལ་གྱི་ཡན་ལག་ཏུ་ཚེ་སྲོག་གི་རྒྱུན་གསོ་བྱེད་ལྟ་བུར་ཆགས་པའི་ཡན་ལག་ནི་རྨ་འབྲི་ཡིན། དེ་བས་ན་མགོ་ལོག་ཁུལ་གྱིས་2018ལོའི་ཟླ་4བ་ནས་བཟུང་། སྐྱེ་ཁམས་སྲུང་སྐྱོང་ཁུལ་དུ་ལྗོངས་སྐོར་བ་སོགས་སྐྱོད་མི་ཆོག་པར་བྱས་ཏེ། ཡུལ་དེའི་སྤང་ལྗོངས་དང་བརླན་ས། རི་སྐྱེས་སྲོག་ཆགས་སོགས་ཀྱི་བདེ་འཇགས་སྲུང་སྐྱོང་དང་། 2014ལོ་ནས་2020ལོའི་བར་དུ་མགོ་ལོག་ཁུལ་གྱིས་གཙང་གསུམ་མགོ་ཁུངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་བྱ་བའི་ཐད་ཁྱོན་མ་དངུལ་སྒོར་དུང་ཕྱུར་42.24གཏོང་རྩིས་བྱས་པ་དང་། 2019ལོའི་བར་དུ་མ་དངུལ་སྒོར་དུང་ཕྱུར་7.08བཏང་ཟིན། རྨ་འབྲི་གཉིས་ལས་རྨ་ཀླུང་དལ་འབབ་རིང་མོའི་མགོ་ཁུངས་གཙོ་བོར་ཆགས་པའི་ཡུལ་འདིའི་སྐྱེ་ཁམས་སྲུང་སྐྱོང་བྱེད་པར་ས་གནས་སྲིད་གཞུང་གིས་ཐབས་ལམ་ནུས་ལྡན་བཀོལ་བཞིན་ཡོད་དེ། བཟོ་སྐྲུན་ཆེན་མོ་དང་བསྐྱར་གསོ་ཆེན་མོ་བརྒྱུད་དེ་སྐྱེ་ཁམས་སྲུང་སྐྱོང་ལ་སྐུལ་འདེད་དང་། དུས་ཐེངས་དང་པོ་དང་གཉིས་པའི་ལས་གཞི་ལག་ཏུ་བསྟར་བར་གཅིག་གྱུར་འཆར་འགོད་བྱས་ཏེ། བརླན་ས་དང་མཚེའུ། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་སྲུང་སྐྱོང་དང་། ཁོར་ཡུག་གི་གནད་དོན་ཕྱོགས་བསྡུས་བཅོས་སྐྱོང་བྱས་པར་མ་ཟད། ཁོར་ཡུག་སྲུང་སྐྱོང་བྱེད་པར་སློབ་གསོ་དང་། སྐྱེ་ཁམས་སྲུང་སྐྱོང་དང་དོ་དམ་བྱེད་པའི་ནུས་པ་ཇེ་ཆེར་འགྲོ་བའི་ལས་ལ་ཡང་འབད་བཞིན་གདའ་འོ།།

འཚོ་རྟེན་ཕྱུགས་ཀྱི་གྲངས་ལ་ཚོད་གཟུང་ཡང་།། ཁ་གསབ་རོགས་དངུལ་རབ་དང་རིམ་པས་སྐྱོར།།

         2003ལོ་ནས་2017ལོའི་བར་དུ། མགོ་ལོག་ཁུལ་གྱི་ཡུལ་ཚོ(གྲོང་རྡལ)44ཡི་སྡེ་བ་185རུ་ཕྱུགས་ཟོག་གི་ཁ་གྲངས་ཇེ་ཉུང་དུ་བཏང་ནས་ཉམས་ཞན་དུ་སོང་བའི་རྩྭ་ས་སླར་གསོ་བྱེད་པའི་རྣམ་གྲངས་ལག་བསྟར་བྱས་ཏེ། རྩྭ་ས་མུའུ་ཁྲི་5346.96རུ་ཕྱུགས་ཟོག་འཚོ་སྐྱོང་བྱ་མི་ཆོག་པར་བྱས་པ་དང་། ཞན་འགྱུར་དུ་སོང་བའི་རྩྭ་ས་མུའུ་125.23རུ་རྩྭ་བསྐྱར་འདེབས་བྱས་པ་སོགས་ཐབས་ཤེས་མང་པོ་སྤྱད་དེ་རྩྭ་ས་སྲུང་སྐྱོང་བྱས། 2011ལོར་མགོ་ལོག་ཁུལ་གྱིས་རྩྭ་ས་སྲུང་སྐྱོང་བྱེད་པར་ཁ་གསབ་རོགས་དངུལ་སྟེར་བའི་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱས་ཏེ། ཕྱུགས་ཟོག་འཚོ་མི་ཆོག་པའི་ཁ་གསབ་རོགས་དངུལ་དང་། ཕྱུགས་ཟོག་གི་ཁ་གྲངས་དང་རྩྭ་ས་གཉིས་དོ་མཉམ་དགོས་པའི་ཁ་གསབ་རོགས་དངུལ། སོན་བཟང་གཟན་རྩྭ་འདེབས་པའི་ཁ་གསབ་རོགས་དངུལ་སོགས་བསྩལ་ཏེ་རང་ནུས་གང་ལྕོགས་ཀྱིས་སྐྱེ་ཁམས་དོ་མཉམ་ཡོང་བར་བརྩོན། ཉིན་རེ་ལའང་སྐྱེ་ཁམས་བྱེད་ནུས་ཁུལ་དུ་ལྟ་སྐྱོང་ནུས་ལྡན་བྱ་ཐུབ་ཆེད། རྩྭ་ས་མུའུ་ཁྲི་3རེར་ལྟ་སྐྱོང་པ་གཅིག་རེ་བཀོད་སྒྲིག་བྱས་པ་དང་། ད་ལྟ་ཁུལ་ཡོངས་སུ་སྐྱེ་ཁམས་ལྟ་སྐྱོང་པ་6023ཡོད།

        རྨ་ཆུ་སྔོན་མོ་གཡུ་འབྲུག་འཁྱིལ་བ་ལྟར་ཡུལ་འདིའི་འཛིན་མའི་ལྟོ་བ་ནས་ངོ་མཚར་བའི་མཛེས་ལྗོངས་ཅི་རིགས་རི་མོར་ཕབ་བཞིན་ཕྱོགས་ཀྱི་མགྲོན་པོ་བསུ་བའི་སྣེ་ལེན་གྱི་ཚུལ་གྱིས་ཤར་དུ་འབབ་ཅིང་། ཡུལ་འདིའི་ལྗོངས་སྐོར་ལས་རིགས་ཀྱང་དབྱར་གྱི་མཚོ་བཞིན་དུ་གོང་དུ་འཕེལ་བཞིན་པ་དང་། ལས་ལ་བརྩོན་ཞིང་གཟུགས་བྱད་བཟང་བའི་གཞོན་རབས་དག་ཀྱང་བཟོ་ཚོང་སོགས་རང་ཉིད་མཁས་པའི་ལས་ལ་འཇུག་བཞིན་པས། མགོ་ལོག་གི་ཕྱི་ནང་གཉིས་ལ་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འཕེལ་རྒྱས་འབྱུང་བཞིན་ཡོད་དོ།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།