རྔ་ཆུའི་འགྲམ་ངོགས་ཀྱི་བོད་ཀྱི་གྱང་ཁང་ཆེན་མོ།

རྩོམ་པ་པོ།   རྡོ་རྗེ་དཔལ།དུས་ཚོད།   2020-07-30   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

        གཉན་པོ་གཡུ་རྩེ་ནས་ལྷུང་ལྷུང་དུ་བཞུར་བའི་རྔ་ཆུ།  རྔ་བ་རྫོང་གི་སྟོད་སྨད་བར་གསུམ་གྱི་རི་ལུང་ཐང་གསུམ་བརྒྱུད་ནས། རོང་ཝམ་གྱི་སྨར་ཆུ་ དང་འདྲེས་བྱུང་། ཉི་འོད་འོག རླབས་རིས་རེ་རེ་དཀར་ཆེམ་ཆེམ་དུ་སྣང་ལ། གྲོ་ནས་སྲན་གསུམ་གྱི་མགོ་ལྕོག་བསིལ་རླུང་དང་འགྲོགས་ནས་གསེར་འོད་ལམ་ལམ་དུ་ལྡེམ་ཞིང་གཡོ་བར་བྱེད། དེ་ལྟར་ཕྱི་སྣོད་ཀྱི་མཛེས་པས་སྐྱེ་འགྲོ་ཀུན་གྱི་ཡིད་དབང་ཅིག་ཅར་དུ་འཕྲོག་འགྲོ། དེ་ལས་ཀྱང་ཡིད་དབང་འཕྲོག་ཅིང་ས་གནས་རིག་གནས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པ་ནི། རྔ་ཆུའི་འགྲམ་ངོགས་སུ་མཁར་རྫོང་ལྟར་བརྗིད་ལྷིང་ངེར་ཆགས་པའི་མི་དམངས་མང་ཚོགས་ཀྱི་གཞིས་ཁྱིམ་སྟེ་གྱང་ཁང་རེ་རེ་རེད།

       ཉི་འོད་འོག་ཏུ་གྱང་ཁང་རེ་རེ་དང་གྲོ་ནས་སྲན་གསུམ་གྱི་ཞིང་ཚིགས་རེ་རེ། དར་ལྕོག་དང་དུ་སྨུག་བཅས་གཞི་གཅིག་ཏུ་འདྲེས་ཏེ། མཐོ་སྒང་གི་མཛེས་རིས་ཡིད་དུ་འོང་བ་ཞིག་ཏུ་གྲུབ་འདུག རྔ་བ་རྫོང་གི་གྱང་ཁང་ནི་སི་ཁྲོན་བོད་ཀྱི་ས་ཆ་གཞན་དག་གི་རྡོ་ཁང་དང་ཁྱད་པར་ཆེ་ལ། མཚོ་སྔོན་དང་ཀན་སུའུ་སོགས་ཀྱི་གྱང་ཁང་ལའང་མི་འདྲ་བས། བོད་ཁུལ་གྱི་ཐུན་མོང་མ་ཡིན་པའི་འཛུགས་སྐྲུན་སྒྱུ་རྩལ་ཁྱད་པར་བ་ཞིག་ཏུ་བརྩི་ཆོག དེ་ནི་ཡུལ་དེ་ནས་བླངས་བའི་ས་སེར་དང་ཤིང་ཆ། རྡོ་སོགས་ཀྱིས་བསྐྲུན་པ་ཞིག་ཡིན།

       གྱང་ཁང་དེ་ཡི་རྩིག་གདན་ལ་རྡོ་ལེབ་བཏིང་བ་དང་། གྱང་ངོས་ཀྱི་མཐུག་ཚད་ལ་སྨི་གཅིག་ལྷག་ཡོད་པ་དང་། གྱང་གཞི་ཇེ་མཐོར་སོང་བ་དང་བསྟུན་ནས་གྱང་གི་མཐུག་ཚད་ཇེ་སྲབ་ཏུ་འགྲོ་བ་དང་། ཕལ་ཆེར་ཁང་བརྩེགས་3ནས་4ཅན་ཡིན་ལ། ཁང་བ་ཞིག་གི་གྱང་རྡུང་ཡུན་ལ་ལོ་ངོ་གསུམ་བཞི་ཙམ་དགོས་ཏེ། ཁང་བརྩེགས་གཅིག་གི་གྱང་བརྡུངས་ནས་སྐམ་རྗེས་ད་གཟོད་ཁང་བརྩེགས་གཞན་པའི་གྱང་བརྡུང་དགོས་པས་རེད།

         གྱང་ཁང་དེ་ནི་ཐོག་ཁང་གཙོ་བོ་དང་མདུན་ར་གཉིས་ཀྱིས་གྲུབ་ཅིང་། ར་ནང་དུ་མེ་ཏོག རྩྭ། སྔོ་ཚལ། ནགས་ཤིང་སོགས་བཏབ་ནས་མཛེས་པའི་ལྡུམ་ར་ཆུང་ཆུང་ཞིག་དང་འདྲ། ཐོག་ཁང་གཙོ་བོ་ནི་ཁང་བརྩེགས་གསུམ་མམ་བཞི་ཅན་ཡིན་ལ། ཕལ་ཆེར་བ་ཁང་བརྩེགས་གསུམ་ཅན་དུ་སྣང་། བརྩེགས་དང་བོ་ནི་སྔོན་ཆད་སྒོ་ཕྱུགས་གསོ་ཁང་ཡིན་ཡང་། དེང་སང་འབྲུ་རིགས་དང་བཅའ་ལག་རྩག་རྩིག་འཇོག་ས་རེད། བརྩེགས་གཉིས་པ་ནི་མི་རྣམས་སྡོད་སའི་མགྲོན་ཤག་དང་མལ་ཤག མཛོད་ཤག ཟ་ཁང་སོགས་རེད། བརྩེགས་གསུམ་པའམ་ཡང་བརྩེགས་བཞི་བར་སྨི་གྲུ་བཞི་མ་40ཙམ་གྱི་མཆོད་ཁང་ཞིག་ཡོད་ལ། ཐང་ཀ་དང་རྩ་བའི་བླ་མ་སོགས་ཀྱི་སྐུ་པར་བཤམས་ནས་ཉིན་རེ་བཞིན་རྒྱུན་མི་ཆད་པར་མཆོད་པ་འབུལ་བ་རེད།

        ཀྲུང་གོའི་ཕྱི་སྣོད་ཀྱི་སྤྱི་གླིང་ཞེས་མིང་དུ་གྲགས་པའི་རྔ་བ་རྫོང་གསེར་མཛོད་གྲོང་སྡེར་ལྟ་སྐོར་དུ་འགྲོ་དུས། ཡུལ་དེ་གའི་མི་རྣམས་ཀྱང་ཁྱད་ཆོས་དེ་འདྲ་ལྡན་པའི་གྱང་ཁང་དུ་བསྡད་ཡོད། ང་རང་ལོ་ན་72ལོན་པའི་རྒན་པོ་དབང་ཐང་ལ་འཕྲད་བྱུང་། ཁོས་བཤད་པ་ལྟར་ན། ཁྱིམ་ཚང་ཞིག་གིས་སྡོད་ཁང་གསར་བ་བསྐྲུན་སྐབས། གྲོང་སྡེ་ཡི་མི་རྣམས་མ་བསྐུལ་རང་འདུས་སྒོས་འཛོམས་ནས་སྐྱེས་མ་རྣམས་ཀྱིས་ས་སློག་པ་དང་ས་ཁུར་བ་རེད། སྐྱེས་པ་རྣམས་ཀྱིས་ཤིང་བཟོ་དང་གྱང་རྡུང་བ་རེད། དེ་མིན་མགྲིན་གཅིག་ཏུ་སྙན་ཞིང་འཇེབས་པའི་དབྱངས་རྟ་ལྡན་པའི་གྱང་རྡུང་གླུ་གཞས་ཀྱང་བླངས་ཏེ། ངལ་རྩོལ་ནི་ཐུན་མོང་གི་ཞབས་བྲོ་འཁྲབ་སྟོན་ལྟ་བུར་བརྩིས་ནས་དགའ་བས་དང་དུ་ལེན་པས། རྔ་བ་རྫོང་གི་འཛུགས་སྐྲུན་རིག་གནས་ཀྱི་ཡིད་དབང་འཕྲོག་པར་བྱེད་པའི་ཁྱད་ཆོས་ཤིག་ཡིན་ཞེས་བཤད་ཆོག

        སྲོལ་རྒྱུན་གྱི་གོམས་སྲོལ་ལྟར་ན། སྡོད་ཁང་གསར་བ་སྐྲུན་སྐབས། ཁང་བའི་ཟུར་བཞི་ཡི་ས་འོག་ཏུ་བཀྲ་ཤིས་བུམ་པ་འཇོག་པ་དང་། ཁང་བའི་རྩིག་གཞིར་མ་ཡུམ་མཚོན་པའི་རྡོ་གོར་གོར་ཅིག་དང་ཕ་ཡབ་མཚོན་པའི་རྡོ་ནར་མོ་ཞིག་ཀྱང་བཞག་སྟེ། ཡབ་ཡུམ་གཉིས་ཀྱིས་ཁྱིམ་གཞིས་དེ་ལ་བདེ་སྐྱིད་སྩོལ་བའི་ལྟས་སུ་བརྩི།

       གྱང་ཁང་དེ་དག་གིས་བོད་མི་རིགས་ཀྱི་རིག་གནས་ཤིག་གི་ཆགས་ཞེན་མཚོན་ཡོད་ལ། འཛུགས་སྐྲུན་མཁན་རྣམས་ཀྱི་མི་ཚེ་ཞིག་གི་ལྟ་བ་དང་མཛེས་དཔྱོད་མཚོན་འདུག་པས། གྱང་ཁང་རེ་རེ་ནི། ཕ་ས་ཕ་ཁྱིམ་སྲུང་བའི་མཁར་རྫོང་རེ་རེ་དང་འདྲ།

    རྔ་ཆུ་བཞུར་རྒྱུན་གྱི་ལུང་གཞུང་དུ། མི་རྣམས་ཀྱིས་རོང་མ་འབྲོག་གི་འཚོ་བ་རོལ་བཞིན་ཡོད་ལ། མཁའ་དབུགས་དྲོ་ཞིང་འཇམ་པ། ཐོན་ཁུངས་ཕུན་སུམ་ཚོགས་པས། གནའ་ནས་ད་བར་བོད་རིགས་དང་ཆའང་རིགས། སོག་རིགས། རྒྱ་རིགས་སོགས་མི་རིགས་མང་བོ་མཉམ་དུ་གཞིས་ཆགས་ཡོད། ལོ་རྒྱུས་ལས་བསྟན་པ་ལྟར་ན། ཐང་ཀྲིན་ཀོན་གྱི་ལོ་རབས་སུ། ཆོས་རྒྱལ་སྲོང་བཙན་སྒམ་པོས་ཟུང་ཆུའི་ཕྱོགས་སུ་དམག་དྲངས་ནས་གཉེན་བསླངས་ཤིང་ནུབ་ཕྱོགས་ས་ཁུལ་དབང་དུ་བསྡུས། མངའ་རིས་ཕྱོགས་ནས་ཡུལ་འདིར་ཐོན་ནས་གཞིས་ཆགས། རྗེས་སུ་ཡུལ་འདིར་བོད་ལུགས་ཀྱི་གྱང་ཁང་དེ་འདྲ་བྱུང་བར་གྲགས།

          རྔ་བའི་གཞིས་ཁང་དང་མངའ་རིས་ཀྱི་གཞིས་ཁང་ཤིན་ཏུ་འདྲ་ཡང་། མངའ་རིས་ཀྱི་གཞིས་ཁང་ཕལ་ཆེར་བར་བརྩེགས་གཅིག་ནས་གཉིས་བར་ལས་མེད་ལ། རྔ་བའི་གཞིས་ཁང་ནི་དེ་བས་མཐོ་ལ་བརྗིད་ཆེ་བ་ཞིག་རེད།  ཐང་སུང་གི་དུས་སྐབས་ནས་ཡུལ་འདིར་མི་རིགས་ཀྱི་སྲོལ་རྒྱུན་དུས་སྟོན་རྫ་ཁྲོམ་ཞེས་པ་དར་ནས་སི་ཁྲོན་ནུབ་བྱང་མཐོ་སྒང་ལ་མིང་དུ་གྲགས་པའི་ཚོང་ལས་དར་རྒྱས་ཤིང་ཚོང་བ་མང་བོ་འདུས་པའི་ས་ཆ་ཞིག་ཀྱང་ཡིན་པས།  

         རྔ་ཆུ་འགྲམ་རྒྱུད་ནི་ཚོང་ལས་ཀྱི་བགྲོད་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད། མི་མང་འདུ་སར་རྐུན་ཇག་མང་བར་མ་ཟད། སྐབས་དེའི་སྤྱི་ཚོགས་རྙོག་འཛིང་ཆེ་ཞིང་འཐབ་འཁྲུག་ཀྱང་རྒྱུན་མི་ཆད་པར་འབྱུང་བས། གྱང་ཁང་དེ་འདྲ་ནི་མི་རྣམས་འཚོ་བ་རོལ་བའི་གནས་ཤིག་ཡིན་པར་མ་ཟད། དགྲ་འགོག་པའི་ནུས་པའང་ལྡན་ཏེ། བརྩེགས་དང་བོའི་གྱང་གི་མཐུག་ལ་ལིས་སྨི་90ནས་100བར་དང་བརྩེགས་གཉིས་པ་དང་གསུམ་པའི་གྱང་གི་མཐུག་ལ་ལིས་སྨི་50ནས60བར་ཡོད་པར་མ་ཟད། སྒེའུ་ཁུང་ཡང་ཤིན་ཏུ་ཆུང་བས་འགོག་སྲུང་སྟབས་བདེ་བར་མ་ཟད། གྱང་ཁང་རེ་རེའི་བར་འགྲོ་ལམ་རེ་ཡོད་ལ་ཁང་ཀླད་ཀྱང་ཕན་ཚུན་འབྲེལ་ཡོད་པས་བཀོད་འདོམས་དང་རོགས་རེས་བྱེད་པར་སྟབས་བདེ་བས། དམག་འཁྲུག་ཆེ་བའི་དུས་སྐབས་ཀྱི་མཁར་རྫོང་ཁྱད་དུ་འཕགས་པ་ཞིག་ཏུའང་བརྩི་ཆོག་ལ། དམངས་ཁྲོད་དུ་བོད་དམག་ཕུག་ཅེས་ཟེར་སྲོལ་ཡང་ཡོད་དོ།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།