གཟི་གསེར་གནམ་གྲུ་འབབ་ཐང་དུ་མཁའ་ལམ་གསར་བ་ཞིག་བསྣན།

རྩོམ་པ་པོ།   ཚེ་རིང་ལྷ་མོ།དུས་ཚོད།   2020-07-29   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

         རྔ་བའི་གསར་འགྱུར་དྲ་བའི་འཕྲིན། ཟླ་7ཚེས་25ཉིན་གྱི་དགུང་མོའི་ཆུ་ཚོད་19དང་སྐར་ཆ་42པར།  བོད་ལྗོངས་མཁའ་འགྲུལ་གྱི་གནམ་གྲུ་TV9887བདེ་བླག་ངང་གཟི་གསེར་གནམ་གྲུ་འབབ་ཐང་དུ་བབས། དེས་སི་ཁྲོན་གཟི་གསེར་གནམ་གྲུ་འབབ་ཐང་གི་ལྷ་ས--ལན་ཀྲོའུ--གཟི་རྩ་སྡེ་དགུ་ཡི་མཁའ་ལམ་གྱི་ཐོག་མའི་འཕུར་བསྐྱོད་ལེགས་འགྲུབ་བྱུང་བ་མཚོན་ཡོད། འདི་ནི་ད་ལོའི་ཐོན་སྐྱེད་ལས་མགོ་བསྐྱར་གསོ་དང་ཞིང་ཆེན་བརྒལ་བའི་ལྗོངས་སྐོར་སླར་གསོ་བྱས་རྗེས་སུ། གཟི་གསེར་གནམ་གྲུ་འབབ་ཐང་དུ་མཁའ་ལམ་གསར་འབྱེད་བྱས་པའི་ལམ་ཐིག་ཐོག་མ་ཡིན་པར་མ་ཟད། གཟི་གསེར་གནམ་གྲུ་འབབ་ཐང་གིས་2003ལོར་གནམ་གྲུ་འཕུར་མགོ་བརྩམས་པ་ནས་བཟུང་། མཐོ་སྒང་ས་ཁུལ་དུ་ཕན་ཚུན་འཕུར་ལམ་བཏོད་པའི་མཁའ་ལམ་ཐོག་མ་ཡང་ཡིན།

     ལྷ་ས--ལན་ཀྲོའུ--གཟི་རྩ་སྡེ་དགུ་ཡི་མཁའ་ལམ་འདི་ནི་བར་སྡོད་མཁའ་ལམ་ཞིག་ཡིན་ཞིང་། བོད་ལྗོངས་མཁའ་འགྲུལ་ཀུང་སིའི་གནམ་གྲུ་A319ཅན་གྱི་རིགས་ཏེ། མཐོ་སྒང་གི་རྒྱལ་སྲས་ཀྱི་མཚན་སྙན་ལྡན་པའི་གནམ་གྲུའི་རིགས་སྤྱད་དེ། གཟའ་འཁོར་རེའི་གཟའ་མིག་དམར་དང་། ཕུར་བུ། སྤེན་པ་བཅས་གཟའ་འཁོར་རེར་ཐེངས་གསུམ་ལ་འཕུར་བ་རེད།

གནམ་གྲུ་འཕུར་དུས།

     ལྷ་ས་ནས་ལན་ཀྲོའུ། དེ་ནས་གཟི་རྩ་སྡེ་དགུ་བཅས་ཀྱི་མཁའ་ལམ་གྱི་གནམ་གྲུTV9887ནི་ཆུ་ཚོད13:30པར་ལྷ་སའི་གོང་དཀར་གནམ་གྲུ་འབབ་ཐང་ནས་འཕུར་ཏེ། ཆུ་ཚོད་15:50པར་ལན་ཀྲོའུ་ཀྲུང་ཁྲན་རྒྱལ་སྤྱིའི་གནམ་གྲུ་འབབ་ཐང་དུ་སླེབས་ཤིང་། ཆུ་ཚོད་16:00པར་དེ་ནས་འཕུར་ཏེ། ཆུ་ཚོད་18:10པར་གཟི་གསེར་གནམ་གྲུ་འབབ་ཐང་དུ་སླེབས།

     གཟི་རྩ་སྡེ་དགུ་ནས་ལན་ཀྲོའུ་དང་། དེ་ནས་ལྷ་ས་བཅས་ཀྱི་མཁའ་ལམ་གྱི་གནམ་གྲུ་TV9888ནི་ཆུ་ཚོད་19:00པར་གཟི་གསེར་གནམ་གྲུ་འབབ་ཐང་ནས་འཕུར་ཏེ། ཆུ་ཚོད་20:30པར་ལན་ཀྲོའུ་ཀྲུང་ཁྲན་རྒྱལ་སྤྱིའི་གནམ་གྲུ་འབབ་ཐང་དུ་འབྱོར། ཆུ་ཚོད་21:20པར་ལན་ཀྲོའུ་ནས་འཕུར་ཏེ་ཆུ་ཚོད་23:50པར་ལྷ་སའི་གོང་དཀར་རྒྱལ་སྤྱིའི་གནམ་གྲུ་འབབ་ཐང་དུ་འབྱོར།

     གཟི་གསེར་གནམ་གྲུ་འབབ་ཐང་གིས་ཟླ་8ཚེས་2ཉིན། པེ་ཅིང་དང་ཀྲིན་ཀྲོའུ་ཡི་མཁའ་ལམ་བསྐྱར་གསོ་བྱེད་རྩིས་རེད། 

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།