རང་གི་བུ་བཞིན་སློབ་མ་བསྐྱབས།། རང་གི་དོན་བཞིན་སློབ་གསོ་གཉེར།།

རྩོམ་པ་པོ།   འོད་གསལ་མཚོ།དུས་ཚོད།   2020-07-24   རྩོམ་ཁུངས།    རྔ་བའི་གསར་འགྱུ་དྲ་བ།

རྔ་བའི་གསར་འགྱུར་དྲ་བའི་འཕྲིན། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་འཛམ་ཐང་རྫོང་བཅའ་སྡོད་ལམ་ལུགས་ཀྱི་སློབ་ཆུང་དུ་དགེ་སློབ་སུམ་སྟོང་ཡས་མས་ཡོད་ཅིང་། ལོ་བཅུ་ལྷག་ལས་སོན་མེད་པའི་སློབ་མ་དེ་དག་ནི་ཕ་མ་དང་ཁ་བྲལ་ཏེ་འབྲོག་ར་ནས་རྫོང་མཁར་དུ་སློབ་གྲྭར་ཐོན་པས། དགེ་རྒན་ནི་ཁོ་ཚོའི་རྟེན་ས་གཙོ་བོར་གྱུར།

འཛམ་ཐང་རྫོང་བཅའ་སྡོད་ལམ་ལུགས་སློབ་ཆུང་ནི་2017ལོར་རྫོང་མཁར་སློབ་ཆུང་ནས་ལོགས་སུ་དབྱེ་ནས་དངོས་སུ་བཙུགས་པ་དང་། རི་ཁུལ་གྱི་སློབ་མ་2800ལྷག་སྐྱེད་མོས་ཚལ་ལྟ་བུའི་སློབ་ར་འདིར་བདེ་བླག་ངང་འཚར་ལོངས་འབྱུང་བཞིན་ཡོད་པ་དང་། དགེ་རྒན་རྣམས་ཀྱང་དུས་ཀྱི་འཁོར་འགྲོས་ལྟར་སློབ་ཁྲིད་ལ་གཞོལ་བཞིན་ཡོད།

སློབ་སྦྱོང་གི་ཁོར་ཡུག་བཟང་བོའི་འོག་སློབ་མ་རྣམས་བདེ་བླག་ངང་འཚར་ལོངས་བྱུང་བ་ནི་སློབ་གྲྭ་དེའི་སློབ་གཙོ་དགེ་རྒན་གསེར་སྒྲོན་ལགས་ཀྱིས་སྐུ་ལས་ཚད་མེད་བསྐྱོན་པ་དང་འབྲེལ་བ་ཆེན་པོ་ཡོད།

དགེ་རྒན་གསེར་སྒྲོན་ནི་ཕ་ཡུལ་འཛམ་ཐང་ནས་ཡིན་ཞིང་། མི་ལོ་32རིང་སློབ་གསོའི་བྱ་གཞག་ལ་འབད་པ་ཆེན་པོ་གནང་ཞིང་། ད་བར་རོང་འབྲོག་མང་ཚོགས་ཀྱི་སློབ་མ་ཚོའི་ཕུགས་འདུན་མངོན་འགྱུར་འབྱུང་སའི་སློབ་ར་འདི་སྐྱོང་བར་མཐུན་རྐྱེན་སྐྲུན་བཞིན་ཡོད། 2019ལོར། མོར་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་མི་སྒེར་གྱི་བྱ་དགའ་དང་། རྔ་བ་ཁུལ་གྱི་སློབ་གཙོ་གྲགས་ཅན་གྱི་མཚན་སྙན་ཐོབ།

དེ་ཡང་འཛམ་ཐང་རྫོང་བཅའ་སྡོད་ལམ་ལུགས་སློབ་ཆུང་དང་དགེ་རྒན་གསེར་སྒྲོན་གཉིས་ཀྱི་བར་ལ་ལས་དབང་ཅི་འདྲ་ཞིག་ཡིན་ནམ་ཞེ་ན། དེ་ཡང་། 2009ལོར། གསེར་སྒྲོན་ལགས་བྱིས་པ་ཁང་གི་སློབ་གཙོ་ཡིན་པ་དང་། སྐབས་དེར་རྫོང་མཁར་སློབ་ཆུང་གི་སློབ་གཙོའི་འདེམས་བསྐོར་ཞུགས་པའི་ལས་ལ་བྲེལ་བཞིན་ཡོད། དེ་དུས་མོའི་གྲོགས་པོ་ཚང་མས་སྔར་བཞིན་བྱིས་པ་ཁང་དུ་བསྡད་ན་ལས་འགན་ལྗིད་པོ་མི་འདུག གལ་ཏེ་བཅའ་སྡོད་ལམ་ལུགས་སློབ་ཆུང་དུ་སོང་ཚེ། སློབ་མ་ཁག་ཅིག་བཅའ་སྡོད་བྱེད་དགོས་པའི་དབང་གིས་ལས་འགན་ལྕི་བས་དེར་མ་སོང་ན་འགྲིག་ཅེས་བརྗོད་མོད། འོན་ཀྱང་མོའི་ཡིད་ལ་ང་རང་དགེ་རྒན་ཞིག་ཡིན་པས། ངའི་ལས་འགན་ནི་སློབ་མར་ཁྲིད་སྟོན་བྱས་ཏེ། མི་རིགས་སློབ་གསོའི་བྱ་གཞག་ཐད་ནུས་པ་ཅུང་ཟད་འདོན་རྒྱུ་དེ་ཡིན་བསམ་ནས་མིང་ཐོ་བཀོད། མ་གཞི་མོ་ལ་ཕྱི་ནང་གི་གནོན་ཤུགས་ཆེན་པོ་འཕྲད་རུང་། སེམས་སུ་ཉིན་རེར་སློབ་གྲྭའི་དོན་དུ་བྱ་བ་ཙག་ཙིག་འགའ་བསྒྲུབ་ཐུབ་ཚེ། དེ་ནི་མདུན་སྐྱོད་ཀྱི་སྒུལ་ཤུགས་སུ་འགྱུར་སྲིད།

2017ལོར་གསེར་སྒྲོན་གྱིས་འཛམ་ཐང་རྫོང་བཅའ་སྡོད་ལམ་ལུགས་སློབ་ཆུང་གི་སློབ་གཙོའི་འགན་འཁུར། དེའི་རིང་། མོའི་སེམས་སུ་ཁུར་བོ་ལྗིད་པོ་ཡོད་པའི་སྣང་བ་བྱུང་བ་སྟེ། གཅིག་ནས་དགེ་རྒན་གྱི་སློབ་ཁྲིད་སྤུས་ཚད་མཐོར་འདེགས་ཐད་ཐབས་ལམ་འཚོལ་དགོས་པ་དང་། གཉིས་ནས་སློབ་བྱོལ་དུ་སོང་བའི་ཕྲུ་གུའི་འཚོ་བའི་གནས་བབ་ཐད་རྟོག་ཞིབ་བྱ་རྒྱུ་དེ་ཡིན།

མོ་ནི་ཕྲུ་གུ་གཉིས་ཀྱི་ཨ་མ་དང་། སློབ་མ་2800ལྷག་གི་སློབ་གཙོ་ཡིན་པའི་ཆ་ནས། སློབ་གྲྭ་འདི་ནས་སློབ་མ་གསོ་སྐྱོང་བྱ་རྒྱུའི་འོས་འགན་ཕྲག་ཏུ་ཁུར། 2017ལོར། སློབ་གཙོ་གསེར་སྒྲོན་གྱི་སྐུལ་ཁྲིད་འོག དགེ་རྒན་འགས་རང་མོས་ངང་བརྩེ་སེམས་ཅན་གྱི་ཕ་མའི་ཚོགས་པ་ཞིག་གྲུབ་པ་སྟེ། དཀའ་ངལ་ཡོད་པའི་སློབ་མར་ཕྱོགས་གང་ཐད་ནས་རོགས་རམ་བྱེད་བཞིན་ཡོད། སློབ་གཙོ་གསེར་སྒྲོན་གྱི་སྐད་འཕྲིན་རྒྱབ་ལྗོངས་སུ་འདི་ལྟ་བུའི་ཡིད་སེམས་འགུལ་བའི་གནས་ཚུལ་མང་བོ་ཟིན་འགོད་བྱས་པ་མཐོང་ཐུབ།

སློབ་གསོ་འཕེལ་རྒྱས་གཏོང་དགོས་ན། ན་གཞོན་དགེ་རྒན་མང་བོའི་འབད་བརྩོན་དང་ཁ་འབྲལ་ཐབས་མེད། གསེར་སྒྲོན་གྱི་སེམས་སུ་ན་གཞོན་དགེ་རྒན་ཚོ་ཚད་ལྡན་དགེ་རྒན་ཞིག་ཏུ་འགྱུར་བའི་སྔོན་འགྲོ་ནི་བརྩེ་བ་ལྡན་དགོས་པ་དང་སློབ་གསོའི་ནུས་པ་ཡོད་དགོས།

དགེ་རྒན་གསེར་སྒྲོན་གྱིས། ད་ལྟ་ང་རང་ལ་སེམས་ཁྲལ་ཆེན་པོ་འདུག རྒྱུ་མཚན་ནི་སློབ་མ་མང་བོ་ཡོད་པས། རྒྱུན་དུ་བསྒྲུབ་དགོས་པའི་ལས་ཀ་ཡང་མང་བོ་ཡོད། མ་མཐའ་ཡང་ཉིན་གཅིག་ལ་སློབ་མའི་སྦྱོང་ཚན་བརྒྱ་ལྷག་དག་བཅོས་བྱེད་དགོས་འདུག སློབ་མ་ཇི་ཙམ་མང་ན་དོན་དག་དེ་ཙམ་འབྱུང་སླ། དེར་བརྟེན་གནོན་ཤུགས་ཆེན་པོ་འདུག་ཅེས་བཤད།

མང་ཚོགས་ཀྱི་ཁྱིམ་དུ་སོང་ནས་སློབ་གསོ་དྲིལ་སྒྲོག་བྱ་རྒྱུ་ནི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཡོད་པས། དགེ་རྒན་ཁ་ཤས་ལོ་རེའི་དབྱར་དགུན་གཉིས་ཀྱི་གུང་གསེང་སྐབས་དབུལ་ཕོངས་རི་ཁུལ་གྱི་ཁྱིམ་ཚང་དུ་འཚམས་འདྲིར་འགྲོ་བ་དང་། གསེར་སྒྲོན་ཀྱིས་རོང་འབྲོག་ཁུལ་གྱི་མང་ཚོགས་རྣམས་ལ་རྒྱུན་དུ་ཤེས་བྱས་ལས་དབང་ལ་འགྱུར་ལྡོག་གཏོང་བ་དང་རིག་གནས་ཀྱིས་དབུལ་ཕོངས་ལས་བསྒྲལ་ཐུབ་པའི་འདུ་ཤེས་དྲིལ་སྒྲོག་བྱས།

གསེར་སྒྲོན་ཀྱིས་བརྩེ་སེམས་རྣལ་མ་བཅངས་ནས་སློབ་བུ་གང་མང་གསོ་སྐྱོང་བྱས་ཡོད། 1996ལོར། མོར་སི་ཁྲོན་ཞིང་ཆེན་གྱི་སྐད་གཉིས་སློབ་གསོའི་སྔོན་ཐོན་ལས་དོན་མི་སྣའི་གཟི་བརྗིད་མཚན་སྙན་ཐོབ་པ་དང་། 2015ལོར། སི་ཁྲོན་ཞིང་ཆེན་གྱི་སྔོན་ཐོན་ལས་དོན་མི་སྣའི་གཟེངས་རྟགས་ཐོབ། 2017ལོར་རྒྱལ་ཡོངས་ཀྱི་བུད་མེད་བྱས་རྗེས་དཔེ་བཟང་ཅན་གྱི་མིང་རྟགས་ཐོབ། 2019ལོར། རྒྱལ་ཡོངས་སུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་མི་སྒེར་བྱ་དགའ་སོགས་གཟི་བརྗིད་མཚན་སྙན་གང་མང་ཐོབ།

མོས་ང་ཚོ་དབུལ་བྲལ་འབྱུང་བར་ཐོག་མར་སློབ་གསོ་དར་སྤེལ་གཏོང་དགོས།གང་ལྟར་ང་ཚོའི་འགན་འཁྲི་ནི་རྗེས་རབས་པ་རྣམས་ལ་སློབ་གསོ་བྱ་རྒྱུ་དེ་རེད། ཕྱིས་འབྱུང་ཁོ་ཚོའི་འཚོ་བ་དེ་བས་ཡག་པོ་དང་ང་ཚོ་ལས་སྐྱིད་པོ་བྱུང་ན་ང་རང་བློ་ཡིད་ཚིམས་ངེས་ཅེས་བཤད།

སློབ་གྲྭ་ནི་བརྩེ་བའི་མྱུ་གུ་འབུས་ས་རེད། མོས་ཀྱང་བརྩེ་བའི་ཕྱག་ཟུང་རིང་དུ་བསྲིངས་ནས། སློབ་མ་རེ་རེ་དང་ཁྱིམ་བདག་རེ་རེར་བརྩེ་བའི་དྲོད་ཁོལ་བྱིན་དང་སྦྱིན་བཞིན་ཡོད།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།