རྩོམ་པ་པོ།   ཟླ་བའི་ལྷ་མོ། དུས་ཚོད།   2020-07-16   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།
གནའ་སྔ་མོ་སྔ་མོ་ཞིག་ལ།
རི་ཚོགས་ཀྱིས་སྐར་ཆེན་བཀླུབས་སོང་།
སྐར་ཆེན་གྱིས་ཐོ་རེངས་བྲིས་སོང་།
བཞུར་ཟིན་པའི་ལོ་ཟླར།
མེས་པོའི་བསམ་བློའི་རུས་རྐང་ཟབ་མོར་དཔར་སོང་།
ངའི་སེམས་ཀྱི་སྐྱིད་ཆུ་རིང་མོའི་གཏམ་རྒྱུད།
དགའ་སྐྱོའི་ཁྲོད་ཀྱི་བཞུར་རྒྱུན་གསོན་པོ་དེ་ཡིན་སོང་།
གནའ་སྔ་མོ་སྔ་མོ་ཞིག་ལ།
གཏམ་རྒྱུད་ཀྱི་ས་བོན་དུ་གྲུབ་པའི་ལོ་ཟླ་ཡོད་ཚད།
དེ་རིང་ས་སྟོང་གི་གནས་དེ་དང་ལུང་སྟོང་གི་ཡུལ་དེ་རུ།
མི་རབས་ཤིག་གིས་ལང་ཚོ་བཏུ་བའི་དུས་ཚོད་དང་།
སེམས་ཤུགས་ཀྱི་མེ་ལོང་གསལ་བོ་ལ་གྲུབ་ཡོད།
ལོ་ཟླའི་རྡོག་རིལ་གྱི་མིག་ཆུ་ཟབ་མོས།
རྒོད་པོ་ཚོའི་སྐྱེ་རབས་ལ་རྣམ་ཤེས་བྲིས་ནའང་།
སུ་ཞིག་གིས་དེ་ལ་རིན་ཐང་ཅན་གྱི་རྣ་བ་གཏད་མྱོང་།
སུ་ཞིག་གི་སྙིང་དམར་པོའི་བློ་ཁ་ཁྱོད་ལ་འཁོར་མྱོང་།
སེམས་ཀྱི་བར་གསེང་ནས་བོར་བའི།
རྨི་ལམ་ཅན་གྱི་མགོ་བོ་དེ་སུ་ཞིག་གིས་འཚོལ།
དེ་བས་ཁྱོད་སྔར་བཞིན་མུན་པའི་ཁུང་རོལ་ཏུ་སྡོད་དང་།
རྨི་ལམ་དེས་བདེན་པའི་དགོས་མཁོ་ཞིག་བསྩལ་ངེས།
ཁ་བས་གྲང་རླུང་ཟ་དུས།
གཏམ་རྒྱུད་དྲོན་མོ་དེ་སུས་ཀྱང་འཚོལ་བཞིན་ཡོད།
ཁྱོད་ཀྱི་བློ་རིག་དང་རྣམ་དཔྱོད་ཀྱི་བར་གསེང་ན།
ཨུ་ཚུགས་ཀྱི་རྡོ་བ་དེར་འཐམ་འཁྱུད་བྱེད་དོན་ཅི།
ཁྱོད་གང་ལྟར་དུས་རབས་ཀྱི་ཕ་ཁྱིམ་འདྲ་བའི་གཞིས་སྒར་དེར་སྤྲོ་ངེས།
ཁྱོད་ཀྱིས་སོམས་དང་།
སྨྲེ་ངག་མེད་པའི་ཁྱིམ་གཞིས་ཤིག་ག་ལ་ཡོད།
ཁྱོད་ལ་ཅི་ཡང་འཐོབ་མི་སྲིད།
ཁྱེད་རང་མེས་པོའི་གྲིབ་གཟུགས་ཁྲོད།
ལོ་རབས་ག་ཙམ་ལ་ཅེར་སོང་།
གྲིབ་མའི་ཁྲོད་ཀྱི་རླུང་བུ་དེ།
སུ་ཞིག་གི་སྔོན་འགྲོ་རེད།
སུ་ཞིག་ཕེབས་སྐྱེལ་ཞུ་བའི་བརྡ་རྟགས་རེད།
ཁྱོད་ཀྱང་མག་མོག་གི་གཉིད་ལ་མི་རོལ་བར་གྱིས་ཤིག
རྩོམ་སྒྲིག་པ། ཚེ་པེ། གཡུ་འཛོམས།