ང་ཡི་ཆང་། ཁྱེད་ཀྱི་ཆང་།

རྩོམ་པ་པོ།   སྤྲེལ་རུས་རྐང་། དུས་ཚོད།   2020-07-13   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

ཆང་དེ་ལྷ་ཡི་ཡུལ་ནས་ཡུན་རིང་བཙག

ཆང་དེ་ཀླུ་ཡི་ཡུལ་ནས་ཡུན་རིང་བཙག

ཆང་དེ་མི་ཡི་ཡུལ་ནས་ཡུན་རིང་བཙག

ཆང་དེ་གེ་སར་རྒྱལ་པོའི་ཟས་ཆང་ཡིན།

ཆང་དེ་དགྲ་ལྷ་འབོད་པའི་མཆོད་ཆང་ཡིན།

ཆང་དེ་གཉེན་གྲོགས་འཛོམས་པའི་འབོད་ཆང་ཡིན།

ང་ཡི་ཆང་། ཁྱེད་ཀྱི་ཆང་།

ཆང་དེ་བུ་མོ་སྟོང་གི་བཙག་ཆང་དང་།

ཆང་དེ་སྟག་ཤར་སྟོང་གི་བསོད་ཆང་ཡིན།

ལྷ་ཀླུ་འབོད་པའི་མཆོད་ཆང་གཙང་མ་དང་།

སྤྲོ་སྐྱིད་འཛོམས་པའི་ཟས་ཆང་ཐོག་མ་ཡིན།

དགྲ་ལྷ་འཁོར་བའི་གཉེན་ཆང་གལ་ཆེན་དང་།

གནས་ལུགས་བཤད་སའི་གྲོགས་ཆང་ངོ་མ་ཡིན།

ང་ཡི་ཆང་། ཁྱེད་ཀྱི་ཆང་།

ཞོགས་ཆང་ཟས་ཀྱི་དྭངས་མ་འུ་ཚོས་འཐུང་།

ཉིན་ཆང་ལུས་ཀྱི་སྟོབས་ཤུགས་འུ་ཚོས་འཐུང་།

མཚན་ཆང་སེམས་ཀྱི་གར་སྟེགས་འུ་ཚོས་འཐུང་།

ཆང་འདི་འཐུང་གིན་འཐུང་གིན་ཇེ་སྐྱིད་ཡིན།

སེམས་པ་དབྱངས་ལ་འདྲེས་ན་ཆང་ཞིག་འཐུང་།

ཚོར་བ་ཐང་སྐར་རྒོད་ཀྱི་གཤོག་ཡ་ཡིན།

ང་ཡི་ཆང་། ཁྱེད་ཀྱི་ཆང་།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།