གྲོང་ཁྱེར་གྱི་མི་དེ་དག

རྩོམ་པ་པོ།   ཛ་ཕོགདུས་ཚོད།   2020-07-13   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

འཚང་ཀ་ཤིག་ཤིག་གིས་སྲང་ལམ་ཡོངས་སུ་བཟུང་འདུག་ཀྱང་།

མི་རྣམས་སྔར་བཞིན་ཁེར་རྐྱང་ཡིན།

གཅིག་ལས་གཅིག་མགྱོགས་ཀྱིས་འགྲོ་བཞིན་ཡོད།

ངོ་མི་ཤེས་པ་མང་པོ་ཞིག་ཁྱོད་ཕྱོགས་སུ་བཅར་ཡོང་ཞིང་སླར་ཡང་གྱེས་འགྲོ།

ཁྱོད་ཀྱིས་མཐོང་ཡོང་བ་ནི་སྐྱ་ཕྱེད་སྔོ་ཕྱེད་ཀྱི་ཞལ་རས་དེ་དག་ཡིན།

ཁྱོད་ལ་ཐོབ་ཡོང་བ་ནི་ངོ་གདོང་ནག་པོ་དེ་དང་དེའི་ངོས་ཀྱི་ཉམས་འགྱུར་དེ་དག་གོ།།

མཚམས་དང་མཚམས་སུ་རང་ཉིད་མི་ཚོགས་ཀྱི་མཐིལ་དུ་གཡེངས་ཏེ།

གཡོ་སྐྱོམ་དཀའ་བའི་མི་ཚོགས་ཀྱི་རླབས་ཆེན་པོའི་འཇིངས་སུ་སིམ་སྟེ།

གཡའ་དག་པའི་ནམ་མཁའ་དང་སྤྲིན་དཀར། རྩྭ་ཐང་དང་རང་ཉིད་འབོར་གྱིན་ཡོད།

མཚན་མོའི་མུན་པའི་དབྱིངས་སུ་ཞུགས་པ་ལྟར།

མེ་འོབས་དང་ཆུ་ཀློང་གི་གཏིང་དུ་འགག་པ་ལྟར།

ཁྱོད་རང་གྲོང་ཁྱེར་གྱི་ཆོབ་སྒྲ་ལ་མི་འཐད་བཞིན་དུ།

ཁྱོད་རང་ངོ་མི་ཤེས་པའི་སྲང་ལམ་དང་མི་ཚོགས་སུ་འཛུལ་གྱིན་ཡོད།

ཆ་མེད་ཀྱི་མི་ཁྱུ་དང་ཁྱུ་བྱས་ནས་མཉམ་དུ་འཚོ་བཞིན་ཡོད་པ་ཤེས་ཡོད་ངེས་ཏེ།

ཁྱོད་ཀྱིས་ད་དུང་དེ་དག་གི་ཁྲོད་ནས་བདེ་སྐྱིད་འཚོལ་གྱིན་ཡོད། བརྩེ་དུང་འཚོལ་གྱིན་ཡོད།

ཁྱོད་དང་འདྲ་བར་གྲོང་ཁྱེར་དེའི་དབྱར་དགུན་སྟོན་དཔྱིད་དུ་བགྲང་གིས་མི་ཆོད་དེ།

ཡིན་ནའང་། ཁྱོད་ཀྱིས་ད་དུང་འཚོལ་བཞིན་ཡོད།

ཁྱོད་ནི་མ་གཞི་ནས་ཀུ་རེ་ཐེངས་གཅིག་གི་འཁྲབ་གཞུང་ལས་མ་འདས་མོད།

ཁྱོད་ཀྱིས་ཡང་དང་བསྐྱར་དུ་ཀུ་རེ་རྫོགས་མཐའ་མེད་པ་འཁྲབ་ཀྱིན་ཡོད།

རང་ཉིད་ནི་མཛེས་པ་དང་། ཡང་དག་པ་དང་།

དཔེ་ཟླ་བྲལ་བར་འདོད་ཀྱིན་ཡོད།

འདོད་ཀྱིན་ཡོད་དེ། དེ་ལྟར་ཁས་ལེན་པར་ཁྱོད་རང་ཧ་ཅང་མི་འཐད།

མི་རྣམས་འདི་ལྟར་ཉི་མའི་འཆར་ནུབ་དང་འགྲོགས་ཏེ་འཆི་བར་ཕྱོགས་ཀྱིན་ཡོད།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།