ཧྲུའུ་ཅི་བློ་བཟང་གི་བློ་གྲོས་ཀྱི་རྩལ་ལས་སྐྱེས་པའི་མཚམས་སྡེ་གྲོང་སྡེའི་གསར་བརྗེའི་རིག་གནས་ཀྱི་ལྗོངས་སྐོར་ལས་རིགས།

རྩོམ་པ་པོ།   གསང་བདག་སྒྲོལ་མ།དུས་ཚོད།   2020-07-10   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

            མཚམས་སྡེ་གངས་རི་ནི་དམར་དམག་རྒྱང་སྐྱོད་མྱངས་པའི་ཁྲོ་ཆུ་རྫོང་གི་གངས་རི་ཆེན་པོ་གསུམ་གྱི་ཡ་གྱལ་ཞིག་ཡིན། དེ་ཡང་། མཚམས་སྡེ་གྲོང་སྡེ་ནི་མཚམས་སྡེ་གངས་རིའི་འདབས་སུ་ཆགས་ཡོད་ལ། གྲོང་སྡེར་ཚོ་ཆུང་གཅིག་དང་སྡེ་མི་187ཡོད་པ་དང་། དེའི་ཁྲོད་དབུལ་ཁྱིམ་7དང་དབུལ་བོ་35ཡོད། ཉེ་བའི་ལོ་ཤས་རིང་། ཁྲོ་ཆུ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་གྲོང་གསེབ་ལྗོངས་སྐོར་འཕེལ་རྒྱས་སུ་གཏོང་བའི་བསམ་བློའི་མཛུབ་སྟོན་དང་གྲོང་སྡེའི་གསར་བརྗེ་རིག་གནས་དང་འབྲེལ་ཏེ་གསར་བརྗེའི་རིག་གནས་ལྗོངས་སྐོར་ཁུལ་བསྐྲུན་པས་གྲོང་དམངས་ཀྱི་འཚོ་བ་དབྱར་མཚོ་རྒྱས་པ་ལྟར་གོང་དུ་འཕེལ། 2016ལོའི་ལོ་མཇུག་ཏུ་དབུལ་ཁྱིམ་དང་དབུལ་བོ་ཚང་མ་བདེ་བླག་ངང་དབུལ་ཕོངས་ལས་ཐར།

         མཚམས་སྡེ་གྲོང་སྡེའི་ཏང་ཀྲི་པུའུ་ཧྲུའུ་ཅི་བློ་བཟང་གིས་ང་ནི་2000ལོ་ནས་2016ལོའི་བར་དུ་ལིའང་ཧྲན་དང་དཀར་མཛེས། ཡུན་ནན། ཀན་སུའུ་བཅས་སུ་ཞོར་ལས་ལ་སོང་བ་ཡིན། 2016ལོར་ཞོར་ལས་གཉེར་ནས་བཙལ་བའི་སྒོར་མོ་འཁྱེར་ཏེ་ཕྱིར་མཚམས་སྡེ་གྲོང་སྡེར་ལོག སྐབས་དེར་མཐའ་འཁོར་གྱི་གྲོང་སྡེ་གཉིས་འཕེལ་རྒྱས་སོང་ཡོད་མོད། འོན་ཀྱང་མཚམས་སྡེ་གྲོང་སྡེ་སྔར་བཞིན་རྗེས་སུ་ལུས་འདུག 2017ལོའི་ཟླ་གསུམ་པར་ངས་མཚམས་སྡེ་གྲོང་སྡེའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡི་འགན་བླངས་རྗེས། གྲོང་མི་ཚོ་དང་གྲོས་མོལ་བྱས་པ་བརྒྱུད་གསར་བརྗེའི་རིག་གནས་ལྗོངས་སྐོར་འཕེལ་རྒྱས་སུ་གཏོང་བའི་གྲོས་ཐག་བཅད་པ་ཡིན་ཞེས་བཤད།

         མཚམས་སྡེ་གྲོང་སྡེར་གྲོང་མི་ཉུང་རུང་ནང་ཁུལ་གྱི་འགལ་བ་ཧ་ཅང་ཆེ། ཧྲུའུ་ཅི་བློ་བཟང་ཉིན་རེར་དུད་ཁྱིམ་སོ་སོར་སོང་ནས་མང་ཚོགས་ཀྱི་དཀའ་ངལ་རྒྱུས་ལོན་དང་། མང་ཚོགས་དང་ཉེ་བར་བཅར་ནས་དམངས་དོན་དང་དུ་བླངས།

སྔོན་ཆད་མཚམས་སྡེ་གྲོང་སྡེ་རི་སྐེད་དུ་ཆགས་ཡོད་ཅིང་། མཚོ་ངོས་ལས་མཐོ་ཚད་སྨི་2500ཡན་ཟིན་ལ། མང་ཚོགས་ཀྱི་བསམ་བློ་ཡང་རྗེས་ལུས་ཡིན། ལོ་འདི་གཉིས་ལ་གྲོང་སྡེ་རི་འདབས་སུ་གནས་སྤར་རྗེས་མང་ཚོགས་ཀྱི་བསམ་བློ་ལ་འགྱུར་ལྡོག་བྱུང་ཡོད། ཕུན་སུམ་ཚོགས་པའི་གསར་བརྗེའི་རིག་གནས་ཀྱི་ཐོན་ཁུངས་ལ་གཞི་ཚུགས་ཏེ། ཧྲུའུ་ཅི་བློ་བཟང་གིས་གྲོང་སྡེར་སྡོད་པའི་ལས་དོན་ཚན་ཆུང་དང་གྲོང་སྡེའི་ཨུ་ལྷན་གཉིས་དང་གྲོང་སྡེའི་ལས་བྱེད་པ་རྒན་པ། ཏང་ཡོན་དང་མཉམ་དུ་བཞུགས་མོལ་ཚོགས་འདུ་ཐེངས་མང་བོ་འཚོགས་རྗེས། ཁྲོ་ཆུ་རྫོང་གསར་བརྗེའི་རིག་གནས་ལྗོངས་སྐོར་མཉམ་ལས་ཁང་བཙུགས་པ་དང་། ཏང་ཀྲི་པུའུ་དང་མཉམ་ལས་ཁང་། ཞིང་ཁྱིམ་བཅས་སྦྲེལ་བའི་གཉེར་སྐྱོང་བྱེད་ཐབས་སྤྱད་ནས། གྲོང་སྡེ་ཡོངས་ཀྱི་ཁྱིམ་ཚང་45ཡིས་སྡོད་ཁང་མ་རྐང་བྱས་ནས་མཉམ་ལས་ཁང་དུ་བཞུགས་ལ། ཚོ་ཆུང་གསུམ་དུ་དབྱེ་ནས་གྲོང་གསེབ་ལྗོངས་སྐོར་གྱི་སྣེ་ལེན་ལས་དོན་ལེགས་པོར་བསྒྲུབས་པ་དང་། གྲོང་མི་རྩ་འཛུགས་བྱས་ནས་སྔོན་ཐོན་གྱི་ཉམས་མྱོང་སྦྱངས་ནས་ཇ་མ་དང་གུས་སྲོལ་སོགས་ལྗོངས་སྐོར་སྣེ་ལེན་ཞབས་ཞུའི་གསོ་སྦྱོང་སྤེལ། 2017ལོར་མཉམ་ལས་ཁང་ལ་ཡོང་འབབ་སྒོར་ཁྲི་26དང་། 2018ལོར་སྒོར་ཁྲི་86ཡོད། མཉམ་ལས་ཁང་གི་ཡོང་འབབ་ཇེ་མང་དུ་སོང་བ་དང་བསྟུན་སྡེ་དམངས་ཀྱི་འཚོ་བ་ཡང་ཉིན་བཞིན་ཇེ་བཟང་དུ་སོང་།

        ད་སྐབས་བློ་བཟང་གིས་དོན་དངོས་དམ་དུ་བཟུང་ནས། གྲོང་སྡེའི་ཕུན་སུམ་ཚོགས་པའི་གསར་བརྗེའི་རིག་གནས་ལ་བརྟེན་ཏེ་ལྗོངས་སྐོར་ལས་རིགས་སྤེལ་བས་སྡེ་དམངས་ཡོངས་སྔར་ཡོད་ཀྱི་དབུལ་ཕོངས་འཚོ་བ་དང་རིང་དུ་གྱེས་ཐུབ་ཡོད་དོ།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།