ཏང་ཡོན་ཕུལ་བྱུང་བ་ཙོའུ་ལིང་གི་བརྩེ་སེམས་རོགས་སྐྱོར།

རྩོམ་པ་པོ།   གསར་འགོད་པ་རྣམ་དཀར་ལྷ་མོ་དང་ནོར་བུ་ཚེ་རིང་། དུས་ཚོད།   2020-07-10   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

བརྩེ་བ་དྲོན་མོས་ཏང་ཡོན་གྱི་ཉམས་འགྱུར་ངོམས།

       ད་ལོའི་ཟླ་4བར། ཙོའུ་ལིང་གྱིས་ཁྱིམ་ཐོ་ཐེན་ཅིན་ནས་ཡུང་ཞིའུ་ལ་སྤར་ནས་ཡུང་ཞིའུ་བ་ངོ་མ་ཞིག་ཏུ་གྱུར། ཙིའུ་ལིང་ནི་ཐེན་ཅིན་གྱི་གཅེས་སེམས་ཁེ་ལས་པ་ཞིག་ཡིན། དེ་སྔར་ཀྲུང་ཧྭའི་བུ་ཕྲུག་ལོ་འཁོར་མི་སྣ་དང་ཐེན་ཅིང་གྲོང་ཁྱེར་གྱི་ཕུལ་བྱུང་གཞོན་ནུ་བཅུ། ཐེན་ཅིང་གྲོང་ཁྱེར་གྱི་ངལ་རྩོལ་དཔེ་བཟང་བ་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མྱངས། དེ་ནི་ཐེན་ཅིང་གི་ཁེ་ལས་མཁས་ཅན་དེས་ཝུན་ཁྲོན་རྫོང་ཡུང་ཞིའུ་གྲོང་རྡལ་ཡུས་ཙའེ་ཞི་གྲོང་ཚོར་ལས་འབྲེལ་འཛུགས་དོན་ཅི་ཡིན་ནམ།

       2008ལོར། “5·12”ཝུན་ཁྲོན་དུ་ས་འགུལ་ཆེན་པོ་བྱུང་རྗེས་ཙོའུ་ལིང་དང་ཁོང་གི་རོགས་སྐྱོབ་ཡན་ལག་རུ་ཁག་གིས་རོགས་སྐྱོབ་དངོས་ཟོག་འབོར་ཆེན་ཁྱེར་ནས་གནོད་ཁུལ་དུ་བསྐྱོད། ཀྱག་ཀྱོག་མང་པོ་བརྒྱུད་མཐར་ཡུང་ཞིའུ་གྲོང་རྡལ་ཡུས་ཙའེ་ཞི་གྲོང་ཚོར་ཡོང་སྟེ་གནས་སྐབས་ཏང་ཀྲི་པུའུ་གུར་ནང་དུ་བཙུགས་ནས་དམར་མདངས་བཀྲ་བའི་ཏང་དར་ཞིག་རོའི་ཐོག་ལྷབ་ལྷུབ་ཏུ་གཡོ་བར་བྱས།

       དུས་དེ་ནས་བཟུང་། ཙོའུ་ལིང་གིས་ཡུས་ཙའེ་ཞི་གྲོང་ཚོ་རྒུད་སྐྱོབ་དང་། བསྐྱར་སྐྲུན། འཕེལ་རྒྱས་བཅས་ཀྱི་ལམ་བུར་བསྐྱོད་རྒྱུར་རོགས་རམ་བྱས་ནས་ཁོས་གཅེས་སེམས་ཡུས་ཙའེ་ཞི་གྲོང་ཚོར་ཕུལ་ནས་ལོ་ངོ12འདས། རྒུད་སྐྱོབ་དང་བླངས་པ་ཞིག་ནས་རིམ་གྱིས་ཡུས་ཙའེ་ཞི་གྲོང་ཚོའི་མང་ཚོགས་ཀྱི་“ནང་མིར”གྱུར་ཡོད།

བྱམས་བརྩེའི་འགན་འཁྲི། 

      “ངས་ཁྱེད་ཡོང་གི་ཡོད་པ་ཤེས་ཀྱི་ཡོད། རྒྱུ་མཚན་ང་ཚོ་ཚང་མར་ཐུན་མོང་གི་རེ་སྒུག་ཡོད་པས་ཡིན། ཁྱེད་ཀྱིས་ཕུགས་འདུན་གྱི་སྒྲོན་མེ་སྦར་ནས། ཁྱེད་ཀྱིས་འཁྱགས་པསུ་བསྡམས་པའི་བརྩེ་སེམས་དྲོན་མོར་བྱས། ཁྱེད་ང་དང་མཉམ་དུ་ཡོད་ན། བདེ་སྐྱིད་ཀྱི་མེ་ཏོག་བཞད་སྲིད། “”འདི་ནི་ཝུན་ཁྲོན་རྫོང་གི་ཡུང་ཞིའུ་གྲོང་རྡལ་གྱི་སྙན་ངག་ཅིག་ཡིན། ལྷག་པར་དུ་ཡུས་ཙའེ་ཞི་གྲོང་ཚོའི་རྒྱ་ཆེའི་གླུ་གཞས་ནི་ས་གནས་དེ་གའི་མང་ཚོགས་ཀྱིས་ཙོའུ་ལིང་དང་ཁོང་གི“ཏང་ཡོན་ཡོམ་འགོག་འཕྲལ་རྒོལ་རུ་ཁག”ལ་ཐུགས་རྗེ་ཆེ་ཞུ་ཆེད་གསར་རྩོམ་བྱས་པ་ཞིག་རེད།

      “5·12”ཝུན་ཁྲོན་དུ་ས་འགུལ་བྱུང་རྗེས། ཙོའུ་ལིང་གིས་ལམ་ཐག་ལེ་དབར་4000མཚམས་སུ་འཕྲལ་དུ་ཏང་ཡོན་དང་ཕྱིར་ལོག་དམག་མི་ལས་གྲུབ་པའི་རོགས་སྐྱོབ་ཡན་ལག་རུ་ཁག་ཆུང་ཆུང་ཞིག་སྒྲིག་འཛུགས་བྱས་ཏེ་དངོས་ཟོག་ཁྱེར་ནས་ཉིན་ལ་མཚན་མཐུད་དེ་གནོད་ཁུལ་དུ་རོགས་སྐྱོབ་བྱེད་པར་བསྐྱོད། ཙོའུ་ལིང་ཡུང་ཞིའུ་གྲོང་རྡལ་ཡུས་ཙའེ་ཞི་གྲོང་ཚོར་འབྱོར་རྗེས། མིག་མདུན་གྱི་སྣང་ཚུལ་གྱིས་ཧང་སང་དུ་བཅུག 

       གྲོགས་མེད་ཁེར་རྐྱང་གི་མང་ཚོགས་དང་འཕྲད་དུས་ཁོས་བྱེད་ཐབས་ཅི་ཞིག་སྤྱད་ན་ད་གཟོད་རོགས་སྐྱོབ་ཐུབ་བམ། དེས་ན་ཏང་ཀྲི་པུའུ་བཙུགས་ན་ལེགས་སམ། དེ་ནས་གནས་སྐབས་ཏང་ཀྲི་པུའུ་འཛུགས་པའི་སྙན་ཞུ་ཡི་གེ་ཞིག་ཡུང་ཞིའུ་གྲོང་རྡལ་ཏང་ཨུ་ལ་བསྐུར། གྲོང་རྡལ་ཏང་ཨུའི་ཆོག་མཆན་ཐོབ་པ་བརྒྱུད། ཙོའུ་ལིང་གནས་སའི་ཐེན་ཅིང་ཐའེ་ཏ་ལན་ཏུན་ཚོགས་པས་ཡིང་ཞིའུ་རུ་གནས་སྐབས་ཏང་ཀྲི་པུའུ་བཙུགས་པ་དང་དམར་མདངས་བཀྲ་བའི་ཏང་དར་ཞིག་རོའི་ཁྲོད་དུ་ལྷབ་ལྷུབ་ཏུ་གཡོ་བར་བྱས།

       ཉིན་དེ་དག་གི་རིང་ལ་ཙོའུ་ལིང་ནི་ཝུན་ཁྲོན་རྫོང་ཡུང་ཞིའུ་གྲོང་རྡལ་དང་ཏུའུ་ཅང་ཡན་གྲོང་ཁྱེར་ཅུས་ཡོན་གྲོང་རྡལ། མན་ཀྲུའུ་གྲོང་ཁྱེར་ཧན་ཝང་གྲོང་རྡལ། ཧྲི་ཧྥང་གྲོང་ཁྱེར་གྱི་ཧུང་པའེ་གྲོང་རྡལ་བཅས་སུ་སོང་། ཁོང་དང་ཁོང་གིས་སྣེ་ཁྲིད་པའི་རོགས་སྐྱོབ་ཡན་ལག་རུ་ཁག་གིས་གནོད་འཚེ་ཚབས་ཆེན་ཕོག་པའི་གྲོང་རྡལ་6དང་གནོད་འཚེ་ཕོག་པའི་མང་ཚོགས་དུད་ཚང་2000ལྷག་ཙམ་ལ་རོགས་རམ་དང་དྲོད་ཁོལ་སྦྱིན་ཡོད།

        བརྩེ་བས་ཁེངས་པའི་ཉིན་22རིང་། ཙོའུ་ལིང་གིས་གུང་ཁྲན་ཏང་ཡོན་ཞིག་གི་སྤྱི་སེམས་ལེགས་སྐྱེས་ཕུལ་བ་དང་ན་གཞོན་ཁེ་ལས་ཞིག་གི་བྱམས་བརྩེའི་འགན་འཁྲི་ཝུན་ཁྲོན་ལ་ཕུལ་ཞིང་། ཡུང་ཞིའུ་ལ་ཕུལ། མདོར་ན་གནོད་འཚེའི་མདུན་སར་གནས་པའི་རོགས་སྐྱོར་ལ་རེ་ཞིང་སྒུག་པའི་མི་རྣམས་ལ་ཕུལ།

ཏང་ཡོན་གྱི་ཉམས་འགྱུར།  

        ལོ་ལྟར་རོགས་སྐྱོར་བྱེད་པའི་དམིགས་ཡུལ་ནི་ཡུས་ཙའེ་ཞི་གྲོང་ཚོའི་མང་ཚོགས་ཕྱུག་པོར་བསྒྱུར་ཆེད་ཡིན། ལོ་28རིང་གི་ཁེ་ལས་ཚོང་གཉེར་དོ་དམ་གྱི་ཉམས་མྱོང་ལྡན་པའི་ཙོའུ་ལིང་གིས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པར་ངེས་པར་དུ་ཐོན་ལས་གོང་དུ་སྤེལ་དགོས། ཝུན་ཁྲོན་རྫོང་ཨུ་དང་རྫོང་སྲིད་གཞུང་། ཡུང་ཞིའུ་གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གི་རྒྱབ་སྐྱོར་ཆེན་པོར་བརྟེན་མཉམ་སྡེབ་དཔལ་འབྱོར་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ཞིང་། ཁོས་ཡུས་ཙའེ་ཞི་གྲོང་ཚོར་རོགས་སྐྱོར་བྱ་རྒྱུ་དེ“གཞན་བརྟེན”ནས“རང་བརྟེན”དུ་འགྱུར་ལྡོག་གཏོང་བར་རེ་སྒུག་བྱེད་ཀྱི་ཡོད།

        2014ལོར། ཙོའུ་ལིང་གིས་ཀུང་སིའི་ལས་སྒོ་རྒྱ་ཆེ་བ་དང་མིའི་འབྲེལ་བ་ཟབ་པའི་ལེགས་ཆར་བརྟེན་ནས་སྔ་རྗེས་སུ་ཏང་ཡོན་ལས་བྱེད་པ་40པེ་ཅིང་དང་ཐེན་ཅིང་སོགས་སུ་བསྐྱོད་དེ་མེ་ཏོག་འདེབས་འཛུགས་དང་། གྲོང་གསེབ་ཡུལ་སྐོར། གློག་རྡུལ་ཚོང་དོན་སོགས་ལ་རྟོག་ཞིབ་དང་སློབ་སྦྱོང་ཐེངས་5ལ་བྱས་ཏེ་སྦྱངས་འབྲས་ཐོན་ནས་ཕྱིར་ལོག་རྗེས། དྲ་ཐོག་ཚོང་དོན་ལ་བརྟེན་ནས་ཆའང་རིགས་ཀྱི་འཚེམ་དྲུབ་དང་ས་སྒོང་སོགས་ཁྱད་ལྡན་ཐོན་རྫས་ཕྱིར་ཚོང་བྱས་པ་དང་། གྲོང་ཚོ་ཡོངས་ཀྱི་དྲ་ཐོག་ནས་ཕྱིར་ཚོང་བྱེད་ཚད་སྒོར་ཁྲི་100ལས་བརྒལ་བ་དང་ཡུས་ཙའེ་ཞི་གྲོང་ཚོའི་ཆའང་རིགས་འཚེམ་དྲུབ་བརྩམས་ཆོས་པེ་ཅིང་དང་ཀོང་ཏུང་སོགས་ཁྲོམ་རར་བྲིན་པོ་བྱུང་།    

       2018ལོའི་ཟླ་5པར། ཙོའུ་ལིང་གིས་ཡུང་ཞིའུ་གྲོང་རྡལ་ཡུས་ཙའེ་ཞི་གྲོང་ཚོའི་ཧྲུའུ་ཅི་དང་པོའི་འགན་འཁུར་བ་དེ་གྲོང་ཚོ་དང་ཁེ་ལས་མཉམ་སྐྲུན་གྱི་འགོ་འཛུགས་ས་གསར་པར་གྱུར་ཡོད། མ་དངུལ་ཡོངས་རྫོགས་བཏང་ནས་ཝུན་ཁྲོན་གྱི་ཉ་པའི་ཆུ་ཕྲན་ཆེན་པོ་འཛུགས་སྐྲུན་བྱས་ནས་མི་སེར་ལ་སྣེ་ཁྲིད་དེ་སྡོད་ཁང་གི་ཡུལ་སྐོར་གཏོད་རྒྱུར་ཁྲིད་སྟོན་བྱས་ཡོད། མིག་སྔར་དུས་ཐེངས་དང་པོའི་ཡུལ་མིའི་སྡོད་ཁང་བསྐྲུན་ལ་ཞིང་ཁྱིམ་གྱི་ཚལ་ཁྱད་ཆོས་སུ་བྱས་པའི་ཟ་ཁང་གིས་མི་200ལྷག་ཙམ་གྱིས་དུས་གཅིག་ཏུ་ཟ་མ་ཟ་ཆོག་པ་དང་བོད་རིགས་དང་ཆའང་རིགས་ཀྱི་ཡུལ་སྲོལ་ཁྱད་ཆོས་ལྡན་པའི་མགྲོན་ཁང་13བསྐྲུན་པར་ཡུལ་སྐོར་བས་དགའ་བསུ་ཆེན་པོ་བྱེད་བཞིན་ཡོད།

       ཝུན་ཁྲོན་རྫོང་ཨུ་དང་རྫོང་སྲིད་གཞུང་གི་རྒྱབ་སྐྱོར་ཆེན་པོའི་འོག་ཙོའུ་ལིང་ཚོགས་པའི་ལོ་12རིང་གི་བརྩེ་སེམས་ཀྱི་རོགས་སྐྱོར་ལ་བརྟེན་ནས་ཡུས་ཙའེ་ཞི་གྲོང་ཚོའི་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད། 2019ལོར་མི་རེའི་ཆ་སྙོམས་ཡོང་འབབ་རྐྱང་བ་སྒོར་22500ཟིན་ཡོད། ཡུས་ཙའེ་ཞིའུ་གྲོང་ཚོ་འདི་ས་འགུལ་མ་བྱུང་གོང་གི་རྗེས་ལུས་གྲོང་ཚོ་ནས་ད་ཆ་ཚང་མས་ཁས་ལེན་པའི་སྔོན་ཐོན་གྲོང་ཚོར་གྱུར་ཡོད། ད་རུང་ཞིང་སྡེ་དར་སྤེལ་ཞིང་ཆེན་རིམ་པའི་ཚོད་ལྟའི་སྡེ་བར་ཡང་བདམས།

        ལོ་12རིང་། ཙོའུ་ལིང་གིས་རྒྱལ་ནང་གི་མི་རིགས་ས་ཁུལ་ཁོ་ནར་སྤྱི་ལེ་ཁྲི་25ཙམ་གྱི་ལམ་བུར་བསྐྱོད་དེ་གཅེས་སེམས་ལམ་བུ་རྒྱུན་ཆད་མེད་པར་རིང་དུ་བསྲིངས། རིམ་རྩིས་བྱས་ན་ཕན་པ་ཐོབ་མཁན་མི་ཚོགས་མི་ཐེངས་ཁྲི་20ལས་བརྒལ་བ་དང་ཁོང་གིས་རང་ཉིད་ཀྱི་བྱ་སྤྱོད་ཐོག་ནས་དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་མིའི་འགན་འཁྲི་འཁུར་སེམས་དང་ཉམས་འགྱུར་མངོན་ཡོད་དོ།།   

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།