ཨ་ཅེ། འབྲོང་ལུང་གི་མདོ་ན་ཡོད།

རྩོམ་པ་པོ།   རང་ལས་རྒྱལ། དུས་ཚོད།   2020-07-07   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

ཨ་ཅེ། འབྲོང་ལུང་གི་མདོ་ན་ཡོད།

འབྲོང་ལུང་གི་མདོ་ན།

དྲན་པ་མཚོན་བྱེད་ཀྱི་ཆུ་མོ་ལྷོ་བཞུར་ཞིག་ཀྱང་ཡོད།

ཆུ་དེར་གཏན་ཁེལ་གྱི་མིང་ཅི་ཞིག་ཡོད་མེད་མ་ཤེས་ནའང་།

རྩ་རྒྱུས་ཀྱི་ཁྲག་རྩ་རེ་རེ་བཞིན་སྙིང་གི་ཟབ་སར་བཞུར་བས།

ངས་རང་ཉིད་ཀྱི་སེམས་ངོ་ཟིན་སླད་དུ།

འབྲོང་ཆུ་ཁྲ་མོ་ཞེས་རྗེས་གྲུབ་ཀྱི་མིང་ཞིག་བཏགས།

སེམས་པ་ཁེར་རྐྱང་ཞིག་གི་མཚོན་བྱེད།

བྲེ་སེར་འབྲོང་རྒོད་ཅིག་གི་སྙིང་རྩ་ཡིན་ན།

འབྲོང་ལུང་གི་དགུན་ཟླ་ཇི་འདྲའི་གྲང་ཡང་།

རང་ཉིད་ཀྱི་ལ་རྒྱ་མཚོན་བྱེད་དུ།

ཁ་བའི་མེ་ཏོག་ཅིག་གིས་ཁྱེད་ལ་ཁམས་འདྲི་ཞུ།

བོར་ནས་རྙེད་པ་དང་རྙེད་ནས་བོར་བའི་གོ་རིམ།

འཁོར་བའི་འཁོར་འབངས་ཀུན་གྱི་རྩ་དོན་ལགས་ན།

མི་སེམས་ཀྱི་རེ་སྙེགས་ཡོད་ཚད།

ཆུ་མགོ་གངས་ནས་ཆུ་རྔ་རྒྱ་མཚོའི་བར་གྱི།

ཡ་མཚར་ལམ་གྱི་ལྟད་མོ་ཐེངས་ཤིག་ཡིན།

རྒྱང་རིང་ན། ལག་པ་ཐོད་ལ་ཀེར་བའི་ཨ་ཅེས།

ཞོགས་པའི་ཉི་ཟེར་འཇམ་པོའི་གསེང་ནས།

རྡུལ་རླུང་བསྐྱིལ་བའི་ལམ་ལ་རྒྱང་མིག་འཕེན།

སྐྱི་བསེར་རླུང་གིས་འཁྱེར་བའི་རྟ་ཕོའི་འཚེར་སྐད།

ཡུན་རིང་འདྲིས་ཤིང་གོམས་པའི་སེམས་པ་ལྡོམ་པོ་ཞིག་གི་མཚོན་བྱེད་བྱས།

ས་རུབ་རྗེས། ཁེར་རྐྱང་གི་ཟླ་བ།

ཨ་ཅེའི་བཞོ་ཟེའུ་རུ་ལྷུངས་འདུག

སྐར་མ་ལྟ་བུའི་ལུག་ཁྱུས་འབའ་སྒྲ་ལྷང་ལྷང་གིས།

མུན་པའི་ཡོལ་བར་འཁང་ར་བྱེད་པར་སྣང་ཡང་།

སྒོ་ཁྱི་རྒྱ་བོས་ཟུག་འཐེན་ཐེངས་ཤིག་གིས།

མཚན་མོའི་རྩྭ་ཐང་བདེ་འཇགས་ཀྱི་གནས་མལ་དྲོན་མོར་གྱུར།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།