རྒྱལ་ཁབ་50ལྷག་གིས་བཅའ་ཁྲིམས་འདི་གྲོས་འཆམ་བྱུང་བར་དགའ་བསུ་ཞུས་པ།

རྒྱལ་ཁབ་50ལྷག་ཙམ་གྱིས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་སུ་ཐུན་མོང་ཐོག་གཏམ་བཤད་སྤེལ་ནས་ཀྲུང་གོའི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་བཅའ་ཁྲིམས་གྲོས་འཆམ་བྱུང་བར་དགའ་བསུ་ཞུས་པ།

རྩོམ་པ་པོ།   དུས་ཚོད།   2020-07-02   རྩོམ་ཁུངས།    མི་དམངས་དྲ་བ།

        ཟླ་6ཚེས་30ཉིན་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་44པ་རི་ནེ་ཝར་འཚོགས་ཤིང་། དེ་ཉིན་གྱི་ཚོགས་འདུའི་ཐོག་ཁུ་པས་རྒྱལ་ཁབ་53གྱི་ཚབ་ཞུས་ནས་ཐུན་མོང་ཐོག་གཏམ་བཤད་སྤེལ་ཏེ་ཀྲུང་གོའི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་ཁྲིམས་འཛུགས་ལ་རྒྱབ་སྐྱོར་བྱས་པ་རེད།

        ཁུ་པས་བདག་དབང་རྒྱལ་ཁབ་ཀྱི་ནང་ཁུལ་གྱི་ལས་དོན་ལ་ཐེ་ཇུས་མི་བྱེད་པ་ནི《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན》ཀྱི་རྩ་དོན་གལ་ཆེན་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་རེད། རྒྱལ་ཁབ་བདེ་འཇགས་ཁྲིམས་འཛུགས་ནི་རྒྱལ་ཁབ་ཀྱི་ཁྲིམས་འཛུགས་དབང་ཆར་གཏོགས་པས། འཛམ་གླིང་ཐོག་གི་རྒྱལ་ཁབ་གང་ཞིག་ཡིན་རུང་ཚང་མ་དེ་ལྟར་ཡིན། འདི་ནི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་མིན་པས། འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཐོག་གྲོས་བསྡུར་བྱེད་མི་དགོས་ཞེས་བརྗོད།

       ཁུ་པས་ང་ཚོས་བལྟས་ན་རྒྱལ་ཁབ་ཁག་ཚང་མར་ཁྲིམས་འཛུགས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་དབང་ཆ་ཡོད་པས། དམིགས་ཡུལ་དེར་གཞིགས་ནས་སྤྱད་པའི་བྱེད་ཐབས་ལ་བསྔགས་བརྗོད་བྱ་རྒྱུ་ཡིན། ང་ཚོས་ཀྲུང་གོའི་ཁྲིམས་འཛུགས་ལས་ཁུངས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས》ལ་གྲོས་འཆམ་བྱས་པ་དང་འབྲེལ“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་མཐའ་འཁྱོངས་བྱ་རྒྱུ་བསྐྱར་བསྒྲགས་བྱས་པར་དགའ་བསུ་ཞུ་རྒྱུ་ཡིན། ང་ཚོས་བྱེད་ཐབས་འདིས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”བརྟན་པོའི་ངང་ཡུན་རིང་གནས་པར་ཕན་པ་ཡོད་པ་དང་། ཤང་ཀང་ཡུན་རིང་དར་རྒྱས་དང་བརྟན་ལྷིང་ཡོང་བར་ཕན་པ་ཡོད་པ། ཤང་ཀང་གི་རྒྱ་ཆེའི་ཡུལ་མིའི་ཁྲིམས་མཐུན་ཁེ་དབང་དང་རང་དབང་ཡང་བདེ་འཇགས་ཀྱི་ཁོར་ཡུག་འོག་སྔར་ལས་ལེགས་པ་ལག་ལེན་ཐུབ་པའི་ངོས་འཛིན་བྱེད་ཀྱི་ཡོད་ཅེས་ནན་བཤད་བྱས་པ་རེད།

       ཁུ་པས་ང་ཚོས་བསྐྱར་བསྒྲགས་བྱ་རྒྱུར། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་ནི་ཀྲུང་གོའི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་དང་། ཤང་ཀང་གི་ལས་དོན་ནི་ཀྲུང་གོའི་ནང་སྲིད་ཡིན་པས་ཕྱི་ཕྱོགས་ཀྱིས་ཐེ་ཇུས་བྱེད་མི་རུང་། ང་ཚོས་འབྲེལ་ཡོད་ཕྱོགས་ཀྱིས་ཤང་ཀང་དང་འབྲེལ་བའི་གནད་དོན་སྤྱད་ནས་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་མཚམས་འཇོག་དགོས་པའི་ལྕག་སྐུལ་བྱུ་རྒྱུ་ཡིན་ཞེས་བརྗོད་པ་རེད།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།