རླུང་རྟའི་ཕན་ནུས་ལ་རགས་ཙམ་དཔྱད་པ།

རྩོམ་པ་པོ།   དུས་ཚོད།   2020-06-29   རྩོམ་ཁུངས།    གངས་ལྗོངས་ཉི་གཞོན།

   

        [ནང་དོན་གནད་བསྡུས།] དཔྱད་རྩོམ་འདིའི་ནང་རླུང་རྟ་ཞེས་སྟག་སེང་ཁྱུང་འབྲུག་གི་རི་མོས་མཚོན་པའི་འབྱུང་བཞི་འདི། བྱ་བའི་ལེགས་ཉེས་དང་སྐྱིད་སྡུག ལུས་ཁམས་བདེ་མིན་སོགས་ལ་རེག་ལས་པས། རླུང་རྟ་བསྐྱོན་ཏེ་འབྱུང་བ་ནམ་མཁར་བསྟིམས་ན། འབྱུང་གཞི་སྙོམས་པར་བྱེད་པ་ལ་སྟོང་རྟ་དང་ཁྲི་རྟ་བྱེད་ཅིང་། ཤོག་ཉོབས་ཀྱིས་བཟོས་པའི་རྒྱུ་སྤུས་མེད་པ་དག་ཚོགས་དབུས་དང་། མི་ཁྱིའི་རྡོག་ལམ་སོགས་སུ་སྤུར་ནས། རྟེན་འབྲེལ་མཚོན་པའི་སྲོལ་རྒྱུན་རིག་གནས་ཀྱི་ཆོ་ག་སྣང་མེད་དང་དམའ་འབེབས་ཀྱི་གནས་སུ་གྱུར་ལ། ཁོར་ཡུག་འབག་བཙོག་དང་ཉེན་ཡོད་ཀྱི་གནས་སུ་ལྷུང་ཡོད་པར་དམིགས་ནས། རླུང་རྟའི་ཕན་ནུས་སྐོར་གླེང་ཡོད།

         [གནད་ཚིག] རླུང་རྟ། ཆོ་ག རྟེན་འབྲེལ། ཕན་ནུས། འབག་བཙོག ཉེན་འབོད།

གླེང་གཞི།

          སྤྱིར་རླུང་རྟ་ནི“ཁམས་དང་བྱ་བ་ལམ་འགྲོའི་དོན་ཏེ། རྒྱག་དང་མི་རྒྱག་ཐེ་ཚོམ་སོམ་ཉི་མེད། ཐེབས་དང་མི་ཐེབས་རླུང་རྟའི་སྟེང་ཤོད་ཡིན།”ཞེས་པ་ལྟར་གནའ་མིའི་སྲོལ་དང་འབྱུང་རྩིས་སོགས་སུ་རླུང་རྟ་སྡེ་བཞི་ཞེས་སྟག་སེང་ཁྱུང་འབྲུག་གིས་མིའི་བདེ་ཐང་དང་དབང་ཐང་། རྒྱུ་འབྱོར་བ་སོགས་འཕེལ་བར་རྟགས་ངེས་ཅན་རེ་བཀོད་ཡོད་ལ། ལྷག་པར་དུ་རི་མཐོ་ས་དང་ས་གཙང་སར་རླུང་རྟ་བསྐྱོན་པའི་འདུ་ཤེས་ཡོད། མིའི་བསམ་དོན་ཅི་འགྲུབ་ཏུ་ཁ་ལས་རླུང་རྟ་བར་སྣང་དུ་སྤུར་ཏེ་ཀི་བསོ་བསོ་ཆེན་མོའི་རྒྱལ་ཁ་སྒྲོག རླུང་རྟ་ནི་ཁ་ལས་དང་དཔལ་འབྱོར་སོགས་ཧ་ཅང་རྒུད་པ་དག་གིས་རླུང་རྟའི་ཆོ་ག་བསྒྲུབས་ཏེ་རས་ཤོག་རྐྱང་པའི་སྟེང་ལ་མཚན་གཟུངས་དང་། སྨོན་ཚིག རི་མོ་སོགས་བཀོད་ནས་རླུང་གིས་བསྐྱོད་པ་ཞིག་ཡིན་ཏེ། སྤྱི་ཚོགས་འཕེལ་འགྱུར་ལས་མི་ཁ་ཤས་ཀྱིས་ཁ་གྲངས་ཅུང་མང་པོ་འབུམ་རྟ་དང་ཁྲི་རྟ་སོགས་བྱས་ན་བཟང་བ་དང་། མི་ལ་ལས་བདེ་ཐང་གི་ཆེད་དུ་རླུང་རྟའི་ཁ་གྲངས་བཅུ་ཕྲག་ཁ་ཤས་ནས་སྟོང་ཕྲག་ཡས་མས་བྱས་ན་བཟང་བ་སོགས་བཤད་སྲོལ་མཆིས། ཡང་ཆོས་ལུགས་པ་ཚོས་རླུང་རྟའི་ཁ་གྲངས་མང་དྲགས་ན་བསོད་ནམས་དང་ལས་རླུང་གིས་མི་ཐེག་ཟེར་ནས་མང་ཉུང་གི་ཚོད་རན་པ་བྱེད་སྲོལ་ཡོད་མོད། དེང་དུས་ནི་སེམས་སུ་རྟེན་འབྲེལ་དང་དམིགས་བྱ་གང་ཡང་མེད་པར་མི་རིགས་གཞན་གྱི་གད་སྙིགས་དང་ཤོག་ཉོབས་ལས་གྲུབ་པའི་རླུང་རྟའི་ཚད་དང་རྒྱུ་སྤུས་མེད་པ་དག གཞན་གྱིས་ཁྲི་ཉོས་ན་ངས་འབུམ་ཉོ་སྙམ་ནས་འགྲན་སེམས་དང་། ཕྲག་དོག་གི་ཀུན་སློང་ཁོ་ནས་དྲངས་པས། ཤོག་ཉོབས་དེའི་མང་ཉུང་གི་ཁྱད་ཆོས་ངོམ་དགོས་པའི་འདུ་ཤེས་དེ་ལས་དམིགས་བྱ་གང་ཡང་མེད་པ་མཐོང་ན། དེང་དུས་ཀྱི་རླུང་རྟ་རུ་བསམས་པའི་རང་གི་སྲོལ་རྒྱུན་རྟེན་འབྲེལ་གྱི་སྲོག་ཤོར་བའི་མི་རིགས་གཞན་གྱི་ཚོང་ཟོག་ཤོག་ཉོབས་དེ། མང་པོ་ལག་ལ་གང་འོང་གིས་གཏོར་བའི་སྲོལ་གསར་དེ་ནི་ཡོད་པ་ལས་མེད་པར་བཟོས་ན་བཟང་སྙམ། རྒྱུ་མཚན་དེ་ལྟ་བུས་ད་ལྟའི་རླུང་རྟ་ནི་སྲོལ་རྒྱུན་གྱི་ལུགས་དང་མི་མཐུན་པར་མ་ཟད། ཤོག་ཉོབ་དེ་གཏོར་ཡུལ་གྱི་ཁོར་ཡུག་ལ་འབག་བཙོག་བཟོ་བ་དང་ལྷག་པར་དུ་རྟེན་འབྲེལ་མཚོན་བྱེད་ཀྱི་ཆོས་ལུགས་ཆོ་གའི་རིག་གནས་རྩ་བ་ནས་ཉམས་སྲིད་པས། རླུང་རྟའི་ཕན་ནུས་ཤེས་པའི་དགོས་པ་ཆེ་བར་མཐོང་ནས། ངག་རྒྱུན་དང་གསུང་རྩོམ་སྐོར་ཞིག་གཞིར་བཟུང་ནས་ན་མཉམ་གྲོགས་པོ་ཚོར་ཟུར་ཙམ་བཤད་ཁུལ་བགྱིས་པ་ཡིན།

          དང་པོ། རླུང་རྟའི་ངོ་བོ་དང་དར་ཚུལ་གྱི་སྐོར།

          རླུང་རྟ་ནི་ཤོག་བུ་རྐྱང་བུའི་སྟེང་དུ་སྟག་སེང་ཁྱུང་འབྲུག་གི་རི་མོ་བཀོད་ཅིང་། དབུས་སུ་ཅང་ཤེས་རྟའི་སྒལ་སྟེང་ལ་ཡིད་བཞིན་གྱི་ནོར་བུ་བཀལ་བ་དང་། རི་མཐོ་ས་དང་ས་གཙང་ས་ནས་རླུང་ལ་བསྐྱོད་པ་ཞིག་ཡིན་ཏེ།“དེའང་འབྱུང་བ་ལྔའི་ཁམས་ལ་བརྟེན་པ་ཐམས་ཅད་མི་མཐུན་པ་ནས་མཐུན་པར་བགྲོད་པ་དང་། ལྟས་ངན་པ་ནས་བཀྲ་ཤིས་པར་བགྲོད་པ། རྐྱེན་ཆགས་ངན་པ་ནས་ཕུན་སུམ་ཚོགས་པར་བགྲོད་པ། བགྲོད་པ་ཙམ་དུ་མ་ཟད་མྱུར་བ་ཉིད་དུ་བགྲོད་པ་སོགས་ཀྱི་དོན་དུ་ངེས་པ་ཡིན།”[1]ཞེས་གསུངས་པ་ལྟར་ལམ་འགྲོའི་དོན་དུ་ངེས་པ་ཡིན། རླུང་རྟ་ལ་ཤོག་བུས་མ་ཚད་ད་དུང་རས་དར་སོགས་སྤྱོད་པའང་ཡོད་ལ། གནས་རི་དང་མིང་དུ་གྲགས་པའི་གཙང་པོའི་ ཁ་རུ་འཕྱར་བཞིན་ཡོད། འདིར་བརྗོད་པ་དུག་ཤོག་དང་གད་སྙིགས་ལ་སོགས་ཀྱིས་བཟོས་པ་མ་ཡིན་པས། བོད་རང་གིས་རྩི་ཤིང་དང་ལོ་མ། སྡོང་བོའི་ཤུན་པགས་ཀྱིས་བཟོས་པར་རབ་གནས་སམ་མནོལ་བསང་བྱས་ཡོད་པའི་ཤོག་བུའི་རླུང་རྟ་ལ་བྱ། འདི་ནི་བོད་ཀྱི་དམངས་ཁྲོད་དུ་གནའ་ནས་བཟུང་དར་ཁྱབ་ཆེ་བའི་དད་མོས་དང་འབྲེལ་བའི་སྲོལ་རྒྱུན་རིག་གནས་ཤིག་ཡིན་ལ། སྐྱེས་བུ་གང་ཞིག་ཕྱི་རུ་འགྲིམ་པ་དང་། ལས་ཆེ་ཆུང་གང་ཞིག་སྒྲུབ་སྐབས་དུས་སྐར་བཟང་པོ་ཞིག་ལ། གནས་རི་དང་གཞི་བདག ཆོས་སྐྱོང་གང་ལ་དད་པ་བྱེད་ཡུལ་དེ་དག་ལ་མཆོད་བཀུར་བྱས་ནས། ལྷ་འབོད་ཀླུ་གཏོར་བཅས་བསང་མཆོད་བྱས་ཏེ་དུང་འབུད་པ་དང་རླུང་རྟ་བསྐྱོན་ནས་རྒྱལ་ཁ་ལ་ཡིད་ཆེས་དང་སྟོབས་ཤུགས་སྩོལ་བ་ཞིག་ཡིན་ནོ། །

          རླུང་རྟ་ཐོག་མར་ཅི་ལྟར་དར་བ་དང་འཕེལ་བའི་སྐོར་ལ་བཞེད་ཚུལ་མི་མཐུན་པ་ཡོད་ཀྱང་ཡོངས་གྲགས་སུ“བོད་ཀྱི་གནའ་སྲོལ་ཏེ་གདོད་མའི་ཆོས་ལུགས་ཀྱི་ཡུལ་ལྷ་གཞི་བདག་མཆོད་སྲོལ་དང་དུས་མཉམ་དུ་བྱུང་བ་དང། ཆོ་ག་དེ་གཡང་ཤེས་ཕྱྭ་བོན་དང་སྦྱར་ནས་གཉའ་ཁྲི་བཙན་པོའི་གོང་རོལ་དུ་དར་ཡོད”[2]པར་བརྗོད་ཡོད། རླུང་རྟའི་རི་མོའི་མཚོན་དོན་ཡང་འབྱུང་བ་ལྔ་ཡིན་ན་འབྱུང་རྩིས་བརྩི་སྲོལ་ཡང་གཤེན་རབ་མི་བོ་ཆེ་འཁྲུངས་སྐབས་སུ་དར་ཡོད་པར་བསྟན་འདུག དེས་ན་བླ་མཚོན་པའི་དབང་དུ་བཏང་ནའང་བོད་རྒྱལ་གྲི་གུམ་བཙན་པོའི་སྐབས་ནས་བྱུང་ཡོད་པ་དང་། རས་དར་སྟེང་དུ་བཀོད་པའི་མཚན་གཟུངས་རྒྱལ་མཚན་རྩེ་མོའི་དཔུང་རྒྱན་དུ། ལྷ་རྣམས་ལྷ་མ་ཡིན་ལས་རྒྱལ་བའི་ཆེད་དུ་ཡིན་ཞེས་གསལ་པོར་བཀོད་པར། བོན་ཆོས་རིག་གནས་དང་སངས་རྒྱས་ཆོས་ལུགས་གཞི་གཅིག་ཏུ་བསྒྲིལ་ཏེ། མིའི་རིགས་འཕེལ་རྒྱས་བྱུང་ནས་ཚོགས་པ་དང་། དེ་ནས་སྡེ་ཤོག རྒྱལ་ཕྲན་ནས་རྒྱལ་ཁབ་སོགས་གཅིག་འོག་གཅིག་ཏུ་བསྡུ་བའི་སྐབས་སུ། དར་མདུང་ངམ་རླུང་དར་སོགས་གནས་མཐོ་ས་ཞིག་ཏུ་འཕྱར་ནས། དོན་གང་ཞིག་བསྒྲུབ་རྒྱུའི་དམ་བཅའ་དང་། དོན་དེ་ཇི་བཞིན་དུ་འགྲུབ་པའི་སྨོན་འདུན། བསྒྲུབས་པ་དེ་བཞིན་འགྲུབ་པའི་ཡིད་ཆེས། དཀའ་ངལ་ཁྱད་སོད་ཀྱི་སྤོབས་པ།ཡུལ་ལྷ་གཞི་བདག་གིས་སྡོང་གྲོགས་བྱེད་པའི་འདུ་ཤེས་ཀྱིས་ཁེངས་ནས་ལས་གཞི་འགྲུབ་པར་འདོད་པ་ཡིན་ལ། མི་སེམས་གཅིག་ཏུ་བསྒྲིལ་བའི་གདོད་མའི་སྤྱི་ཚོགས་ནས་དར་བ་ལ་ངེས་ཤེས་འདྲོངས་ཐུབ་བོ། །

          གཉིས་པ། རླུང་རྟའི་རི་མོའི་མཚོན་ཐབས་རང་བཞིན།

          ཤོག་བུས་བཟོས་པའི་རླུང་རྟ་རུ་ཟུར་བཞིར་སྟག་སེང་ཁྱུང་འབྲུག་དང་། དཀྱིལ་དུ་རྟ་མཆོག་བྲིས་ནས་སྒལ་སྟེང་དུ་ནོར་བུ་བཀོད་པ། ཁ་ཅིག་གིས་སྡེ་བཞིའི་གཟུགས་བཀོད་པ་དེས་མི་འཇིགས་པ་སྟེ་རྣམ་པར་རྒྱལ་བ་མཚོན་པ་ཡིན་ཞེས་བཤད་སྲོལ་འདུག་པ་དེའང་བདེན་མོད། དོན་དངོས་ལ“འབྱུང་བའི་མཚོན་བྱེད་དུ་གོ་དགོས་ཏེ། སྟག་ནགས་ཚལ་དུ་གནས་པས་འབྱུང་བ་ཤིང་ཁམས་སམ་རླུང་གི་ཁམས་མཚོན་པ་དང་། སེང་གེ་རི་བོར་གནས་པས་སའི་ཁམས་མཚོན། ཁྱུང་བར་སྣང་དུ་གནས་ལ་རྭ་ལས་མེ་འབར་བས་མེའི་ཁམས་མཚོན་པ་དང་། འབྲུག་རྒྱ་མཚོ་ལ་གནས་པས་ཆུའི་ཁམས་མཚོན་པ་དང་། རླུང་ནི་ཀུན་ལ་ཁྱབ་པས་ནམ་མཁའི་ཁམས་མཚོན” [4]ཞེས་སྟག་སེང་ཁྱུང་འབྲུག་གི་རི་མོས་འབྱུང་བ་མཚོན་ཚུལ་ལ་བརྟགས་ན། འཇིག་རྟེན་གྱི་སའི་དཀྱིལ་འཁོར་ཆགས་ཚུལ་ཡང་ཐོག་མར་ས་ཆུ་མེ་རླུང་སྟེ་འབྱུང་བ་བཞི་ལས་གྲུབ་པ་བསྟན་ཡོད་ལ། སྐྱེས་དངོས་དང་སྲོག་ཆགས། བེམ་པོ་ལ་སོགས་གང་ཞིག་ཡིན་རུང་འབྱུང་ལྔར་མ་བརྟེན་པ་མེད་པས། བོད་མིས་གནའ་ནས་བཟུང་རི་དྭགས་ཀྱི་རྒྱལ་པོ་སེང་གེ་དང་།གཅན་གཟན་གྱི་རྒྱལ་པོ་སྟག འདབ་ཆགས་ཀྱི་རྒྱལ་པོ་ཁྱུང་། མཚོ་སྐྱེས་ཀྱི་རྒྱལ་པོ་འབྲུག་བཅས་མཆོག་གྱུར་དག་ལ་ངོས་བཟུང་སྟེ། གནས་རི་ཞེས་ས་བརྐོ་རྡོ་སློག་མི་བྱེད་པ་དང་། ཆུ་བོའི་ཐོན་འབབ་ལ་འབོག་བཙོག་མི་བཟོ་བ། རང་བྱུང་ནགས་ཚལ་ལ་ཀླུ་སྡོང་ཞེས་གཏོར་བརླག་མི་བྱེད་པ་སོགས་འབྱུང་ལྔའི་གལ་ཆེན་རང་བཞིན་དང་། རང་བྱུང་ཁོར་ཡུག་ལ་བརྩི་སྲུང་གི་འདུ་ཤེས་སྔ་མོ་ནས་ཆགས་ཡོད་པའང་མཚོན་དོན་འདི་ལས་ཤེས་ཐུབ། 

          གཞན་ཡང་། སྟག་སེང་ཁྱུང་འབྲུག་གི་གཟུགས་རིས་དེ་དག་གི་མཚོན་དོན་དངོས་ནི་བླ་ཡིན་པར་འདོད་དེ། 《བོད་མི་བུ་གདོང་དྲུག་གི་རུས་མཛོད་མེ་ཏོག་སྐྱེད་ཚལ》ལས། “སྔོན་བོད་འདིར་རུས་ཆེན་ལྔ་འདི་བྱུང་བ་ནས་བཟུང་རང་རང་གི་བླ་ཟོག་དེ་ནི། ལྡོང་གི་ཤ་བ། འབྲིའི་གཡག སྦྲའི་རྐྱང་། སྒའི་ལུག སྒོ་ཡི་བླ་ཟོག་ར་ཡིན་པར་བཞེད་སྲོལ་དེ་བཞིན”ཞེས་དང་། 《འབྱུང་རྩིས་ཉེར་མཁོའི་བུམ་བཟང》ལས།“གདོང་ནི་ས་ཁམས་ཤ་བ་བླ། འབྲུ་ནི་ཆུ་ཁམས་གཡག་ལ་བླ། སྦྲ་ནི་ལྕགས་ཁམས་རྐྱང་ལ་བླ། སྒོ་ནི་མེ་ཁམས་ར་ལ་བླ། སྒ་ནི་ཤིང་ཁམས་ལུག་ལ་བླ།”ཞེས་དང་། 《གཙུག་ལག་རྩིས་ཀྱི་རིག་པ་སྣང་སྲིད་མེ་ལོང་ལས་ནག་རྩིས་ཀྱི་རབ་ཏུ་བྱེད་པ》དང《མདའ་དང་འཕང》སོགས་ལས་དཔེ་མང་པོ་དྲངས་ཏེ། རིམ་བཞིན་རུས་ཆེན་ལྔའི་བླ་རྟེན་ལ་འགྱུར་ལྡོག་བྱུང་བ་དང་། ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་དང་ངལ་རྩོལ་གྱི་ལས་ཆོད་མུ་མཐུད་དུ་མཐོར་འདེགས་བྱུང་བ་ལ་བརྟེན་ནས། རུས་རྒྱུད་ཁག་གི་མངའ་ཁོངས་རྩོད་གླེང་བྱེད་པ་དང་། རུས་ཚོ་དང་རུས་ཚོ་འཐབ་དུས་རུས་རྒྱུད་རང་རང་གི་བླ་ཟོག་དེར་མཆོད་བཀུར་གསོལ་འདེབས་བྱེད་པར་མ་ཟད། རུས་རྒྱུད་རང་གི་མཚོན་རྟགས་སུ་དམག་དར་སྟེང་བླ་ཟོག་གི་གཟུགས་རིས་འགོད་པར་བྱེད། དུས་སྐབས་དེར་དམག་འཁྲུག་གི་ཆེད་དུ་རི་སྒང་མཐོན་པོ་བརྩད་ནས་རང་གི་རུས་རྒྱུད་ཀྱི་བླ་དར་བསྒྲེངས་ཏེ། མཆོད་བཀུར་བྱེད་པའི་སྲོལ་དུས་ད་ལྟའང་རྒྱུན་འཛིན་བྱས་ཡོད་པ་ཁྱིམ་རེ་རེའི་སྒོ་སྟེང་དུ་དར་མདུང་རེ་བསླངས་ཡོད་པ་དང་། དེ་བཞིན་ལོ་རྒྱུས་ཀྱི་བརྒྱུད་རིམ་རིང་མོའི་ནང་སྲོག་ཆགས་དེ་དག་དགྲ་ལྷར་ངོས་འཛིན་བྱས་ཏེ་ཕྱིའི་དགྲ་ལ་འཐབ་ན་རྒྱལ་བའི་ཆོད་སེམས་བརྟན་ལ། རང་གི་ཚོ་པར་སྲུང་སྐྱོབ་བྱེད་པ་སོགས་ཐུན་མིན་གྱི་དད་མོས་ངེས་ཅན་ཞིག་གིས་བཀོད་ནས་འདོད་པའི་དོན་ཐམས་ཅད་ལྷུན་གྱིས་གྲུབ་པ་ཞིག་མཚོན་པའི་བརྡ་ལ་རླུང་རྟ་ཞེས་བཏགས་ཡོད་པ་ལ། སྙན་བཟང་པ་ཀུན་བཟང་རྒྱལ་ནས 《རླུང་རྟའི་རིག་གནས་ཀྱི་བྱུང་འཕེལ་དང་མཚོན་དོན་ལ་དཔྱད་པ》ཞེས་པར་གསལ་པོར་བརྗོད་ཡོད་པས། འདིར་བསྐྱར་ཟློས་ཀྱི་དགོས་པ་མ་མཆིས།

          གསུམ་པ། རླུང་རྟའི་ཁྱད་ཆོས། 

          གོང་དུ་བཀོད་པ་ནང་བཞིན་ཤོག་བུས་གྲུབ་པའི་རླུང་རྟ། སྟག་སེང་ཁྱུང་འབྲུག་གི་རི་མོའི་མཚོན་དོན་ནི་བླ་དང་འབྱུང་བཞི་ཡིན་པ་བཤད་ཟིན་མོད། འོན་ཀྱང་དེའི་ཁྱད་ཆོས་ཤེས་དགོས་པའང་དེང་སྐབས་གལ་ཆེན་དུ་འདུག དེས་ན་བླ་ལ་བླ་རི་དང་། བླ་མཚོ། བླ་ཤིང་། བླ་གཡུ། བླ་གཡག བླ་འབྲོང་། བླ་བྱ། བླ་གནས་སོགས་སྣ་ཚོགས་མཆིས་ལ། སྤྱིར་བླ་ནི་རྩ་རླུང་གི་ཐིག་ལེའི་དྭངས་མ་ཞིག་ལ་འདོད་པ་དང་། ཀུན་གཞིའི་རྣམ་ཤེས་ལ་འདོད་པ། ཀུན་གཞིའི་རྣམ་ཤེས་སྟེང་གི་བག་ཆགས་ལ་འདོད་པ་སོགས་བཞེད་ཚུལ་མི་འདྲ་བ་དུ་མ་ཞིག་ཡོད་ནའང་། “གསང་ལུང་ལས། བླ་ནི་སྲོག་གི་རྗེས་འགྲོ་བྱེད། ཅེས་གང་ཟག་གི་སྲོག་དང་རྣམ་པར་ཤེས་པ་རྣམས་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་གྲུབ་པའི་འདུ་བྱེད་ཅིག་ཡིན་ཞིང་། གལ་སྲིད་བླ་འཁྱམས་པ་བྱུང་ན་གང་ཟག་རང་ཉིད་ལ་ན་ཚ་དང་གོད་ཆག་ཡོང་བས་ནམ་རྒྱུན་བླ་རྟེན་གསོ་བ་དང་། བླ་གཡུ་འདོགས་པ་སོགས་བླ་ལུས་ལ་གནས་པའི་ཆོ་ག་མང་པོ་བྱེད་སྲོལ་ཡོད་པ་ལྟར། བླ་ནི་གང་ཟག་གི་རྒྱུད་ལ་གནས་ཤིང་། བག་ཆགས་དང་རྣམ་པར་ཤེས་པའི་ཚོགས་དང་སྡོང་ནས་བྱ་བ་སྣ་ཚོགས་བྱེད་པར་འདོད།”ཅེས་རླུང་རྟའི་གལ་ཆེན་རང་བཞིན་མངོན་པར་བརྗོད་ལ། མི་སུ་དང་སུ་ཡིན་རུང་རང་ཉིད་ཀྱི་འཚོ་བ་དང་བདེ་སྡུག་ལ་སེམས་ཁུར་མི་བྱེད་པ་ཡོད་མི་སྲིད་པས། ཚེ་བསོད་ལོངས་སྤྱོད་རྒྱས་པའི་གནའ་སྲོལ་རིག་གནས་ལ་དོ་སྣང་མི་བྱེད་མཁན་སུ་ཞིག་མཆིས། དེ་བས《ཀླུང་རྟའི་བསངས་མཆོད་བྱེད་ཚུལ་བཀྲ་ཤིས་དུང་དཀར་གཡས་འཁྱིལ》ལས།“མྱུར་མགྱོགས་ཤུགས་ལྡན་རྟ་མཆོག་ཤུགས་ལྡན་ལ། །སྟག་སེང་ཁྱུང་འབྲུག་སྲུང་བཞིས་ལེགས་བསྐོར་བའི། །ཀླུང་རྟའི་སྣང་བརྙན་མཁའ་ལ་འཕྱར་བ་ཡིས། །དབང་ཕྱུག་སྟོབས་ཀྱིས་གཡུལ་ལས་རྣམ་རྒྱལ་མཛོད། །རྩལ་གསུམ་སྟོབས་ལྡན་དུང་སེང་དཀར་མོ་ཡིས། །ཕས་རྡོལ་ཡིད་ལ་འཇིགས་པའི་དཔལ་སྟེར་ཞིང་། །བཀྲག་མདངས་འོད་འབར་ཁྲོམ་ཚོགས་ཟིལ་གནོན་པའི། །ལུས་ལ་གཟི་བརྗིད་ཆེ་བའི་རླུང་རྟ་བསྐྱེད། །ངར་སྐད་སྟོབས་ལྡན་གཡུ་འབྲུག་སྔོན་མོ་ཡིས། །ཁེ་དྲེགས་དབང་ཆེན་བཙན་པོའི་ཚིག་ལ་དབང་། །གང་ཉན་གཏམ་ལ་ཀུན་ཉན་གུས་འདུད་པའི། །ངག་ལ་ཚིག་བཙུན་བདེན་པའི་ཀླུང་རྟ་བསྐྱེད། །དཔའ་བོའི་སྟོབས་ལྡན་རྒྱ་སྟག་དམར་པོ་ཡིས། །དཔའ་མཛངས་བརྟུལ་ཕོད་ཆེ་ཞིང་ལྡན་པའི་སེམས། །གར་ཤར་ལེགས་ཤིང་ཆོས་མཐུན་བློ་འགྱུ་བའི། །ཡིད་ལ་འཆར་སྒོ་ཡངས་པའི་ཀླུང་རྟ་བསྐྱེད། །དྲེགས་པའི་སྟོབས་ལྡན་བྱ་ཁྱུང་རྒྱལ་པོ་ཡིས། །ལུགས་ཟུང་བྱ་བའི་དབུ་འཕང་མཐོར་འདེགས་ཤིང་། །དཔྱོད་ལྡན་ཡིད་ཀྱི་བརྟན་པ་འཕྲོག་ནུས་པའི། །ཆེ་བའི་ཡོན་ཏན་ལྡན་པའི་ཀླུང་རྟ་བསྐྱེད། །བསོད་ནམས་སྟོབས་ལྡན་རྟ་མཆོག་རིན་ཆེན་གྱིས། །ཆོས་སྲིད་ལས་ཀྱི་བྱ་བ་གང་བརྩམས་ཀུན། །སྐད་ཅིག་ཐོགས་མེད་མྱུར་བའི་ཤུགས་ལྡན་པའི། །བསམ་དོན་ལྷུན་གྲུབ་ཀླུང་རྟ་ཡར་ལ་བསྐྱེད། །”[4]ཅེས་དང་། 《གསོལ་མཆོད་མདོར་བསྡུས》ལས།“ལས་ཀླུང་སྟོབས་ལྡན་རྟ་མཆོག་རིན་ཆེན་གྱིས། །ཆོས་སྲིད་འདོད་དགུའི་ཀླུང་རྟ་ཡར་ལ་བསྐྱེད། །ཕས་རྒོལ་ཟིལ་གནོན་དུང་སེང་དཀར་མོ་ཡིས། །འཇིགས་བརྒྱད་ཞི་བའི་ཀླུང་རྟ་ཡར་ལ་བསྐྱེད། །སྙན་གྲགས་དགྲ་བརྒྱ་དགོད་པའི་གཡུ་འབྲུག་གིས། །ཚེ་བསོད་རྒྱས་པའི་ཀླུང་རྟ་ཡར་ལ་བསྐྱེད། །དབུ་འཕང་མཐོར་འདེགས་བྱ་ཁྱུང་རྒྱལ་པོ་ཡིས། །ཆེས་བཙུན་དབང་སྡུད་ཀླུང་རྟ་ཡར་ལ་བསྐྱེད། །དཔའ་བོའི་སྙིང་སྟོབས་བརྟན་པའི་རྒྱ་སྟག་གིས། །དགྲ་འདུལ་དྲག་པོའི་ཀླུང་རྟ་ཡར་ལ་བསྐྱེད། །ཀླུང་རྟ་ཡར་ལ་བསྐྱེད་པའི་དཔལ་ཡོན་གྱིས། །འཕྲིན་ལས་གང་བརྩམ་ཐོགས་མེད་མྱུར་འགྲུབ་སྟེ། །དཔལ་འབྱོར་ཕྱྭ་གཡང་རྒྱ་མཚོ་འཁྱིལ་བའི་དབུས། །ཚེ་སྲོག་རི་རྒྱལ་ལྷུན་པོ་ལྟར་བརྟན་མཛོད། །”[5]ཅེས་རླུང་རྟའི་སྲོག་ཆགས་རྣམས་མཚོན་དཔེར་བཀོད་ནས། རང་ལུས་ལ་ཁྲོམ་ཆེན་ཟིལ་གྱིས་གནོན་པའི་གཟི་བརྗིད་ལྡན་ཞིང་། ངག་ལ་ཀུན་ཉན་འདུད་པའི་བདེན་པ་ཐོབ་པ། ཡིད་ཀྱི་འཆར་སྒོ་ལེགས་པ། དགྲ་འདུད་དབང་སྡུད་ཆེ་ལ་ཚེ་སྲོག་རིང་དུ་བརྟན་པ། འཕྲིན་ལས་གང་བརྩམ་བསམ་དོན་མྱུར་དུ་འགྲུབ་ལ། སྐྱེ་བོ་རང་གི་ཚེ་བསོད་སྙན་གྲགས་རྒྱས་པ་དང་དཔལ་འབྱོར་ཕྱྭ་གཡང་འཁྱིལ་བའི་རླུང་རྟ་རྟ་རྒོད་རྒྱུགས་རྒྱུགས་ཀྱི་ཁྱད་ཆོས་བགྲང་གིས་མི་ལང་ངོ་། །

          བཞི་པ། རླུང་རྟའི་མཆོད་གསོལ་སྒྲུབ་ཚུལ།

          རང་རེ་བོད་ལ་ཡུལ་ལྷ་གཞི་བདག་ཅེས་ངོས་འཛིན་བྱུང་བ་ནས་མི་དང་སྲོག་ཆགས་བར་དད་མོས་ཀྱི་འདུ་ཤེས་ཟབ་མོ་ཞིག་ཆགས་པ་ནི། ཨ་མྱེས་ཡུལ་ལྷའི་བཅིབས་པ་རྟ་ཡིན་པ་དང་། ཨ་མྱེས་སེ་བོན་གྱི་བཞོན་པ་གཡག་ཡིན་པ། ས་བཅུ་པ་ཐོབ་པའི་རྨ་རྒྱལ་སྦོམ་རའི་སྒོ་ཟོག་ལུག་ཡིན་པ་དང་། ས་བརྒྱད་པ་ཐོབ་པའི་ཨ་མྱེས་སྲིན་པོའི་སྒོ་ཟོག་གནའ་བ་ཡིན་པ་སོགས་གནས་རི་དེ་དག་ལ་གནས་པའི་སྲོག་ཆགས་ལ་གནོད་འཚེ་ཅི་ཡང་མི་གཏོང་བར་རྩེ་གཅིག་གིས་དད་པ་བྱེད་པའི་འདུ་ཤེས་ཤིག་མི་ཀུན་གྱི་སེམས་ཀྱི་གཏིང་རིམ་ལ་ཟུག་ཡོད་དེ། གཞི་བདག་གནས་སའི་རྟེན་ནི་རི་བོ་ཡིན་ལ། བླ་རྟེན་དུ་འདོད་པའི་བླ་ཟོག་རིམ་འགྱུར་དེ་དག་ཀྱང་། རིགས་མཐུན་ལས་མཆོག་གྱུར་གྱི་སྟག་སེང་ཁྱུང་འབྲུག་གི་རི་མོ་བཀོད་འབྲི་བྱེད་པའི་སྲོལ་དར་བ་རེད། དེས་ན་འབྱུང་བ་ལྔ་མཚོན་པ་དང་བླ་མཚོན་པ་གང་ཞིག་ཡིན་རུང་དལ་འབྱོར་གྱི་ལུས་རྟེན་འདིའི་བདེ་སྡུག་ལ་རག་ལས་པས། རང་གི་རྐྱེན་ངན་བར་ཆད་ཞི་ཆེད་མཆོད་པ་གསོལ་བའི་ཚུལ་ནི། 《དགྲ་ལྷའི་ཀྭ་འཛུགས་རྡོ་རྗེ་ཕ་ལམ》ལས། “ལྷ་དབང་བརྒྱ་བྱིན་དགྲ་ལྷ་དང་། །ལྷ་ཁམས་ཡོངས་ཀྱི་དགྲ་ལྷ་ཏེ(སྟེ)། །དེ་རིང་མི་ཡི་ལུས་ལ་བཀོད། །ལྷ་ཀླུ་མི་གསུམ་ལ་སོགས་པའི། །སྨྲ་མཁས་ཡོངས་ཀྱི་དགྲ་ལྷ་ཏེ(སྟེ)། །དེ་རིང་མི་ཡི་ལུས་ལ་བཀོད། །འཇམ་དཔལ་ཀོང་ཙེ་འཕྲུལ་རྒྱལ་དེས། །བསྔགས་པའི་དགྲ་ལྷའི་ཐུགས་འཆར་སྒོ། །དེ་རིང་མི་ཡི་སེམས་ལ་བཀོད། །ཅེས་ཁྲབ་དང་རྨོག མདུང་། མདའ། གཞུ། རྟ།”[6]ཞེས་གྱོད་དང་ཁ་མཆུ་བྱུང་ན་གྱོད་པའི་ངག་སྒོ་ཡངས་ལ་སེམས་ཀྱི་འཆར་སྒོ་མྱུར་བ། དམག་ཐབས་ཀྱི་མཁོ་ཆས་གཙོ་བོ་ཁྲབ་རྨོག་གིས་རང་ལུས་སྲུང་བ། མཚོན་ཆ་ལ་གས་ཆག་མ་བྱུང་བར་དགྲ་སྲོག་ཆོད་པ། 《གསོལ་མཆོད་མདོར་བསྡུས》ལས།“ཤར་ཕྱོགས་དུང་སེང་གཡུ་ཡི་རལ་བ་ཅན། །ལོག་རྟོག་མཚན་འཛིན་འཇོམས་པའི་ཀླུང་རྟ་བསྐྱེད། །ལྷོ་ཕྱོགས་རྩལ་ལྡན་གཡུ་འབྲུག་ཟངས་མཆེ་ཅན། །ཉམས་རྟོག་སྒྲ་བརྒྱ་རྒོད་པའི་ཀླུང་རྟ་སྐྱེད། །ནུབ་ཕྱོགས་རྒྱ་སྟག་མཚལ་གྱི་མཛེས་བཀྲ་ཅན། །སྒྲུབ་པའི་སྙིང་སྟོབས་འཕེལ་བའི་ཀླུང་རྟ་སྐྱེད། །བྱང་ཕྱོགས་བྱ་རྒྱལ་ནོར་བུའི་ཐོར་བཙུགས་ཅན། །སྲིད་ཞིའི་ཕ་མཐར་ལྡིང་བའི་ཀླུང་རྟ་སྐྱེད། །དབུས་ཕྱོགས་མགྱོགས་མགྲོས་རྟ་མཆོག་བང་རྩལ་ཅན། །རྣམ་མཁྱེན་ས་ལམ་རྟོགས་པའི་ཀླུང་རྟ་སྐྱེད། །”[7]ཅེས་རླུང་རྟའི་སྲོག་ཆགས་ཀྱི་ཐུན་མིན་བྱེད་ནུས་ཀྱིས་སྤོབས་པའི་གདེངས་ཐོབ་སྟེ། རང་རྒྱུད་ཀྱི་ལོག་རྟོག་མ་ལུས་དྲུངས་ནས་བྱུང་ཞིང་། སྒྲུབ་པའི་བློ་རྩ་བརྟན་ལ་ཉམས་རྟོགས་ཀྱི་འབྲས་བུ་འཕེལ་བ། རྐྱེན་ངན་བར་ཆད་ཞི་བ། རྒུད་པའི་ཁ་རྗེ་དབང་ཐང་གསོ་བ། ཚེ་བསོད་ལོངས་སྤྱོད་རྒྱས་པ་སོགས་བཀྲ་ཤིས་གཡང་དུ་འགུགས་པའི་བསམ་བློའི་མཐུ་ལ་བརྟེན་ནས་བོད་མི་སྤྱིའི་རླུང་རྟ་གསོལ་བ་རེད།

          ལྔ་པ། རླུང་རྟའི་ཉེན་ཁའི་གནས་ཚུལ། 

          རླུང་རྟ་ཞེས་བླ་སྲོག་དང་རྣམ་པར་ཤེས་པའི་འཕེལ་འགྲིབ་ཀྱི་དབང་དུ་གྱུར་པ་འདི་ད་ལྟ་རྒྱ་གྲོང་གི་ནང་། མི་ཚོགས་ཀྱི་དབུས། མི་ཁྱིའི་རྡོག་ལམ་དང་སྐྱེ་འགྲོ་ཡོད་ཚད་ཀྱི་རྒྱུགས་ལམ་དུ་སྤུངས་པར་འདུག་ལ། མི་རིགས་གཞན་གྱིས་གཙང་སྦྲ་ལ་འགན་མི་ཁུར་མཁན་ཞེས་འཕྱ་དམོད་བྱེད་པར་མ་ཟད། གནས་རི་དག་གི་ལབ་རྩེ་དང་དཔལ་མཁར་ལ་མེ་སྐྱོན་འབྱུང་བའི་ཉེན་འབོད་ཁོ་ནར་གྱུར་པ་ནི་མཚོ་སྔོན་པོའི་དྲ་ངོས་སུ“བོད་གངས་ཅན་གྱི་དགྲ་བླ་གཉན་པོ་ཨ་མྱེས་རྨ་རྒྱལ་སྤོམ་རའི་ལབ་ཙེ་ནུ་བོ་དགྲ་འདུལ་དབང་ཕྱུག་གི་དཔལ་མཁར་མེ་ལ་ཤོར་བ་དང་། དེ་བཞིན་དུ་གནས་མཆོག་གཉན་པོ་གཡུ་རྩེའི་ཁང་སར་རྒན་མཛའ་མཐུན་དཔལ་མཁར་མེ་འབར་ཏེ་ཚིག་པ། ཨ་སྐྱོང་ཁང་སར་གྱི་ཡུལ་ལྷ་གཉན་སྲས་དུང་སྐྱོང་དཀར་པོའི་དཔལ་མཁར་འབར་བ། བོད་ཀྱི་ལོ་རྒྱུས་སྟེང་མིང་གྲགས་ཆེ་བའི་ཟོ་དོར་སྨིན་མོའི་གསེར་དེའུ་མཐོན་པོའི་དཔལ་མཁར་མེར་ཐེངས་གསུམ་ལ་འབར་བ། བོད་ཀྱི་དཔའ་བོ་མིང་གྲགས་ཅན་གླིང་གེ་སར་གྱི་རྗེས་ཤུལ་ལོ་རྒྱུས་དང་འབྲེལ་བ་ཆེ་བའི་གནས་མཆོག་སྒོ་རྣའི་བྲག་དཀར་གྱི་དཔལ་མཁར་མེ་ལ་འབར་བ”སོགས་མེ་སྐྱོན་ཤོར་བ་ཤོག་ཉོབས་ཀྱིས་བཟོས་པའི་རླུང་རྟ་ཡིན་པ་ཐག་གཅོད་བྱས་ཡོད་ལ། ཉབས་ཉོབས་མང་ཆེས་པས་དུ་བ་འཐེན་མཁན་ཚོས་མཉམ་འཇོག་མ་བྱས་པར་མེ་ལ་སྒྲོན་འདུག གནས་ཚུལ་དེའི་རིགས་ལ་ཡུལ་ཕྱོགས་དེའི་མི་མང་པོས་རྟེན་འབྲེལ་མི་ལེགས་པར་བལྟས་ཏེ་རྣམ་རྟོག་བྱས་ཡོད་པ་དང་། ཚན་རིག་ལག་རྩལ་འཕེལ་བར་བརྟེན་ནས་གཏེར་ཁ་འདོན་པ་སོགས་གནས་རི་མང་པོའི་ཁོག་སློགས་ནས་ས་ཡི་བཅུད་ཤོར། སྐྱེ་འགྲོའི་གཡང་ཉམས་ཤིང་ཡོད་ཚད་ཚར་ལ་ཉེ་བའི་སྐབས་འདིར་སྐྱེ་བོ་མཆོག་དམན་མེད་པས་མཆོག་གསུམ་ལ་གུས་པ་ལྷོད་པ་དང་། ལས་རྒྱུ་འབྲས་ལ་མཐོང་ཆུང་སྣང་མེད། དཀར་ཕྱོགས་སྐྱོང་བའི་ལྷ་ཀླུ་གཉན་གསུམ་ཡུལ་སྐྱོང་ཟོ་དོར་གྱི་རིགས་ལ་མཆོད་པ་རྣམ་དག་མིན་པ། མི་རིགས་རང་གི་རིན་ཐང་བྲལ་བའི་ཕ་ནོར་རིག་གནས་ཉམས་དམས་སུ་ཤོར་པས། ས་སྟེང་འོག་གཉིས་ཀྱི་རིན་ཆེན་གཏེར་རིགས་དང་རང་བྱུང་སྐྱེ་དངོས་ཀྱིས་ཕྱུག་པའི་ཕ་ས་ཕ་ཡུལ་ལ་གཅེས་སྤྲས་མ་ཐུབ་པ་སོགས་སྲོལ་རྒྱུན་རིག་གནས་ཀྱི་ཕན་ནུས་མ་ཤེས་པའི་དན་རྟགས་མངོན་པར་གསལ་ལ། ད་དུང་བོད་པའི་གཟི་བརྗིད་དུ་རྩིས་ནས་གང་སར་རླུང་རྟ་བསྐྱོན་པ་ནི་ང་ཚོའི་མི་རིགས་འདིའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རེད་ཟེར་བཞིན། མགྲིན་པ་གཟེངས་སུ་བསྟོད་ནས་ཀི་སྒྲ་སྒྲོགས་པ་ནི་ངོ་ཚ་དགོས་པའི་གནས་ཤིག་ཡིན། དངོས་པོ་གང་ཞིག་དང་ལས་གང་ཞིག་སྒྲུབ་སྐབས་དེ་ལ་ཁྱད་ཆོས་ཅི་ཡོད་དང་དགོས་པ་གང་ཡོད་ལ་གཞིག་དགོས་པ་ནི། དབང་པོ་རྣམ་ལྔ་ཚང་བའི་མི་རྒྱུན་ལྡན་ཞིག་གིས་ཤེས་དགོས་ཀྱང་། ད་ལྟ་གཙང་བཙོག་དང་རྒྱུ་སྤུས་ལ་མི་བལྟ་བར་སྲོལ་རྒྱུན་གྱི་བསམ་བློ་དང་ལག་ལེན་གང་ཡང་བསམ་པའི་ཟུར་ན་མེད་པར་རང་སྣང་གང་ཤར་དུ་དཔལ་འབྱོར་གྱི་འགྲོ་སོང་ཆེར་མི་དགོས་པའི་ཤོག་ཉོབས་མང་ཐལ་ཆེ་བ་རེ་དཔལ་མཁར་དག་གི་ཁོར་ཡུག་ཏུ་སྤུངས་པ་ལ་མེ་འབར་ཏེ་ཚིག་པ་ཤ་སྟག་རེད་འདུག དེས་ན་དེང་དུས་ཀྱི་རླུང་རྟ་མཆོད་སྟངས་དེ་ཚད་དང་མི་ལྡན་པར་མ་ཟད་ཤིན་ཏུ་མི་ལེགས་མི་ཟེར་ཐུ་མེད་རེད། དེ་བཞིན་དུ་རླུང་རྟ་སྤུར་བའི་ཡུལ་དུས་ཀྱི་ཆ་ནས་གནའ་བོའི་ བོད་མིའི་སྲོལ་དང་བན་བོན་གྱི་ཆོ་ག་དག་གི་གཞུང་ན་རླུང་རྟ་མཆོད་པའི་ཡུལ་ནི་སའི་དཔལ་དང་དཔྱད་ལེགས་པའི་རི་མཐོ་ས་གཙང་གི་གནས་སུ་བཤད་ཡོད་པ་དང་། མཆོད་རྒྱུའི་རླུང་རྟ་དེར་ཡང་ཆོ་གའི་གཞུང་ལ་བརྟེན་ནས་གཙང་སྦྱང་རབ་གནས་དགོས་པ་དང་རླུང་རྟ་སྐྱེད་ཆོག་པ་སོགས་ཀྱི་སྐབས་བབ་དང་བསྟུན་ནས་དགྲ་བླ་དགྱེས་པའི་རྫས་སུ་དམིགས་ཏེ་མཆོད་དགོས་པའི་སྲོལ་དང་གཞུང་ལུགས་གཉིས་ལྡན་ཞིག་ཡིན་མོད། དེང་དུས་ཀྱི་རླུང་རྟ་ནི་ཡུལ་སྲོལ་དང་ཆོ་གའི་གཞུང་ལུགས་གང་ལ་ཡང་བརྟེན་མི་དགོས་ཤིང་ལག་ལ་འོང་ཚད་ཀྱིས་ཁྲི་རྟ་དང་སྟོང་རྟ་བྱས་ནས་གང་སར་བསྐྱོད་པ་འདི། བོད་རང་གི་རྟགས་རྟེན་འབྲེལ་ལུགས་གཙོ་བོར་བྱེད་པའི་གོམས་གཤིས་ལྟར་ན། བོད་པའི་ཁ་ལས་རླུང་རྟ་མནོལ་བཙོག་ཅན་གྱི་ལམ་དུ་ལྷུང་སྟེ་སྐྱེ་འགྲོ་སེམས་ཅན་ཐམས་ཅད་ཀྱི་འོག་ཏུ་འགྲོ་བའི་ལྟས་ངན་པ་ཞིག་མཚོན་གྱིན་ཡོད་པ་དང་། ཡང་ན་བོད་རང་གི་མེས་པོ་གོང་མ་དག་གི་ཡུལ་སྲོལ་རིག་གནས་ལ་བསྟུན་ན་ཡང་སྲོལ་ལུགས་ཀྱི་རྐང་ཤོར་ཏེ། བོད་ཀྱི་རླུང་རྟ་མཆོད་པའི་རིག་གནས་ཀྱི་རིན་ཐང་། ཆེས་ཚད་དམའ་སར་ལྷུང་བཞིན་པ་མཚོན་འདུག་པ་ལས་མཚོན་བྱ་གང་ཡང་རྙེད་རྒྱུ་མི་འདུག་གོ།

          དྲུག་པ། སླད་མར་བསྒྲུབ་པའི་ཐབས་ལམ།

          1.རླུང་རྟའི་བྱེད་ནུས་དང་རླུང་རྟའི་རིག་གནས་གཅེས་སེམས་ཀྱི་འདུ་ཤེས་མཐོར་འདེགས་ཡོང་དགོས་ན། རླུང་རྟའི་ཚད་དང་རྒྱུ་སྤུས་གཙང་སྦྲ་སོགས་རྣམ་དག་ཡོང་ཆེད་རླུང་རྟ་སྐྱེད་ཕྱོགས་མེས་པོའི་ལུགས་སྲོལ་ལ་བསྟུན་ཏེ་རླུང་རྟའི་གྲངས་འབོར་རན་ཙམ་ལས་མང་ཐལ་དུ་གཏོང་མི་རུང་། རླུང་རྟ་དེ་ཡང་རབ་ཡིན་ན་མི་རང་རང་གིས་སྲོལ་རྒྱུན་ལྟར་ལག་དཔར་བྱེད་པའམ། ཡང་ན་མི་རིགས་རང་གིས་པར་སྐྲུན་བྱས་པའི་རླུང་རྟ་ཚད་ལྡན་གཉེར་འཚོལ་བྱེད་དགོས་པ། གཙོ་ཆེར་མི་རིགས་གཞན་གྱི་ལག་ནས་རླུང་རྟའི་གཟུགས་བརྙན་ཉ་ཉོག་ཉོ་ཚོང་མི་བྱེད་པའམ་རྒྱུ་སྤུས་ལའང་བལྟ་དགོས།

          2.རླུང་རྟ་མཆོད་ཡུལ་དང་མཆོད་དུས་ཆོ་གའི་གཞུང་དང་མེས་པོའི་ཞལ་ལུང་ལས་བྱུང་བ་ལྟར་རབ་ཡིན་ན། རི་མཐོ་ས་གཙང་གི་གནས་སུ་རླུང་རྟ་རབ་གནས་དང་བསང་གཞུང་གི་རླུང་རྟའི་ཆོ་གའི་བབ་དང་བསྟུན་ཏེ། རན་ཚད་མཆོད་དེ་སྐྱེ་འགྲོ་ཡོད་ཚད་ཀྱི་རྡོག་ཞབས་སུ་མི་འགྲོ་བའི་ཐབས་ལ་བརྩོན་པ་བྱེད་རྒྱུ། ཐ་ན་དཔལ་མཁར་དང་ཁོར་ཡུག་ལ་མེ་སྐྱོན་མི་འབྱུང་བ་དང་། གྲོང་ཁྱེར་དང་ཚོགས་དབུས་སོགས་སུ་རླུང་རྟ་ལ་མནོལ་གྲིབ་མི་འབྱུང་ཕྱིར།བསང་རྫས་དང་མཉམ་དུ་བསང་མེ་ལ་སྦར་ན་ཡང་མི་ཆོག་རྒྱུ་མེད་པས་དེ་ལུགས་ལག་བསྟར་བྱེད་རྒྱུ་གལ་ཆེ་སྙམ།

          3. རླུང་རྟ་མཆོད་དུས་ཀྱི་དམིགས་པ་རབ་ཡིན་ན་བྱང་ཆུབ་སེམས་ཀྱི་བདག་ཉིད་ཅན་གྱི་བསྟན་པ་མི་ཉམས་དར་ཞིང་རྒྱས་པ་དང་། སེམས་ཅན་ལ་བདེ་སྐྱིད་འབྱུང་བ། འཛམ་གླིང་ལ་ཞི་བདེ་འབྱུང་བ། གངས་ལྗོངས་རང་གི་རིག་གནས་བཅུའི་བསྟན་པ་མི་ཉམས་ཤིང་བདེ་འཇགས་ངང་དངོས་བསམ་གཉིས་ཀྱི་དཔལ་ཡོན་གོང་འཕེལ་གྱི་ལམ་ནས་འཛམ་གླིང་མདུན་དུ་བསྐྱོད་པའི་ལམ་ཆེན་ལ་གོམ་པ་མཉམ་ལེན་ཐུབ་པ། བོད་མིའི་ཁ་ལས་དགེ་བ། རླུང་རྟ་དར་བ། བསམ་དོན་འགྲུབ་པར་ཤོག་སྙམ་པའི་བསམ་པ་རྒྱ་ཆེན་པོས་སྤྱིར་འཛམ་གླིང་ལ་གནས་པའི་དཀར་ཕྱོགས་སྐྱོང་བའི་བསྟན་སྲུང་ཆོས་སྐྱོང་སྲིད་སྐྱོང་དག་དང་། སྒོས་སུ་བོད་རང་གི་ཡ་ཐོག་གདོད་མའི་དུས་ནས་བཟུང་ད་ལྟའི་བར་དུ་མཆོད་ཅིང་སྡོངས་གྲོགས་བྱེད་པའི་ཡུལ་སྐྱོང་ཟོ་དོར་ལྷ་ཀླུ་གཉན་གྱི་སྡེ་ཚོགས་དགྲ་བླ་ཝེར་མའི་རིགས་དགྱེས་པའི་རྫས་སུ་དམིགས་ཏེ་འབུལ་རྒྱུ་དང་། བོད་མི་རིགས་དང་དེ་ལས་ཀྱང་ས་གནས་སྡེ་ཁག་གཅིག་པ། རུ་དང་ཚོ་པ་གཅིག་པའི་སྤུན་ཟླའི་ནང་ཕན་ཚུན་དུ་ཁོ་ལས་ང་དར་བར་ཤོག གན་ལས་ང་རྒྱལ་བར་ཤོག་སྙམ་པའི་བསམ་བློ་དུག་ཅན།ཕོ་རུས་དང་ལ་རྒྱ་མེད་པའི་རུལ་སུངས་སྒེར་གཅོད་ཀྱི་དམིགས་པ་ངན་པའི་ཕྱོགས་དོར་ཏེ་རླུང་རྟ་བསྐྱོན་རྒྱུ་དེ་ཆེས་བཟང་པའི་ཐབས་ཚུལ་བཟང་ཤོས་ལགས།

          དེས་ན་དུས་ད་ནས་བཟུང་རང་རེའི་བོད་ཀྱི་རླུང་རྟ་མཆོད་པའི་རྟེན་འབྲེལ་རིག་གནས་ཉམས་ཉེས་ལས་སྐྱོབ་ཕྱིར་རླུང་རྟའི་རྒྱུ་སྤུས་དང་མང་ཉུང་གི་ཐད་ལ་འགྱུར་བ་གཏོང་དགོས་པ་དང་། མཆོད་པའི་གནས་དུས་སོགས་མེས་པོའི་སྲོལ་དང་བན་བོན་རང་རང་གི་རླུང་རྟའི་ཆོ་ག་དག་ལ་བསྟུན་ཅི་ཐུབ་བྱེད་རྒྱུ་ནི་གལ་ཆེའོ། །

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།