2019ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2020ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་མ་ཟིན་སྐོར་གྱི་སྙན་ཞུ།

——2020ལོའི་ཟླ་5ཚེས་22ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་ཐོག ནོར་སྲིད་པུའུ་ནས།

རྩོམ་པ་པོ།   དུས་ཚོད།   2020-06-24   རྩོམ་ཁུངས།    མི་དམངས་དྲ་བ།

    འཐུས་མི་རྣམ་པ། 
    རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་མངགས་ལྟར། ད་ལྟ་2019ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2020ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་མ་ཟིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པར་གྲོས་ཞིབ་གནང་བར་འབུལ་རྒྱུ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམ་པས་ཀྱང་དགོངས་འཆར་གནང་རོགས་ཞུ། 

    གཅིག 2019ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་བྱས་ཚུལ། 

    2019ལོར་རྒྱལ་ཁབ་ཕྱི་ནང་གི་ཉེན་ཁ་དང་འགྲན་སློང་མངོན་གསལ་དོད་པོས་ཆེ་རུ་གྱུར་བའི་རྙོག་འཛིང་ཆེ་བའི་རྣམ་པར་དམིགས་ཏེ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྟོན་དུ་བཟུང་སྟེ། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཤིང་། “འདུ་ཤེས་བཞི་”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི་”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས་”བྱེད་ཐུབ་པ་བཅས་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་དང་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་ཐོག་ཞིབ་བཤེར་ཆོག་མཆན་བཀོད་པའི་སྔོན་རྩིས་ལག་བསྟར་གཟབ་ནན་བྱས་པ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་གཏིང་ཟབ་བྱས། འདོན་སྤྲོད་ཕྱོགས་གྲུབ་ཚུལ་རང་བཞིན་གྱི་སྒྱུར་བཅོས་གཙོ་རྐང་དུ་བྱ་རྒྱུ་རྒྱུན་འཁྱོངས་བྱས། སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཞིང་། “བརྟན་པོ་དྲུག་”གི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས། བརྟན་པོའི་ངང་འཕར་བ་དང་། སྒྱུར་བཅོས་ལ་སྐུལ་འདེད། གྲུབ་ཚུལ་ལེགས་སྒྲིག དམངས་འཚོར་ཕན་པ། ཉེན་ཁ་འགོག་ཟོན། གཏན་འཇགས་འགན་སྲུང་བཅས་ལ་གཅིག་གྱུར་གྱིས་སྐུལ་འདེད་བཏང་སྟེ། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། ལོ་ཧྲིལ་པོའི་དམིགས་འབེན་ལས་འགན་གཙོ་བོ་ལེགས་འགྲུབ་བྱས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པར་ཐག་གཅོད་རང་བཞིན་གྱི་རྨང་གཞི་བཏིང་ཡོད། ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་ལེགས་ཙམ་བྱུང་ཡོད། 

    (གཅིག) 2019ལོའི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་གཏོང་ཡོང་གནས་ཚུལ། 

    1. རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས། རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་སྒོ་སྒོར་དུང་ཕྱུར་190382.23ཡིན་པས་སྔོན་རྩིས་ཀྱི་98.9%ཟིན་པ་དེ་2018ལོ་ལས་3.8%འཕར་ཡོད། དེའི་ནང་དུ་ཁྲལ་སྡུད་ཡོང་སྒོ་སྒོར་དུང་ཕྱུར་157992.21ཡིན་པས་1%འཕར་ཡོད་པ་དང་། ཁྲལ་སྡུད་མ་ཡིན་པའི་ཡོང་སྒོ་སྒོར་དུང་ཕྱུར་32390.02ཡིན་པས་20.2%འཕར་ཡོད། གཙོ་བོ་ནི་ཀྲུང་དབྱང་ནོར་སྲིད་ཀྱིས་དམིགས་འཛུགས་ཀྱི་གཞུང་དབང་དངུལ་རྩའི་སྒྲིག་གཞི་དང་ཀྲུང་དབྱང་ཁེ་ལས་ཀྱི་ཁེ་སྤོགས་འཇལ་ཚད་ཇེ་མང་དུ་བཏང་བ་དང་། ས་གནས་ནོར་སྲིད་ཀྱིས་གཞུང་དབང་ཁེ་ལས་ཀྱི་ཐོན་ཁུངས་དང་མ་རྩ་གང་འགབ་ཅི་སྤྱོད་བྱས་པའི་རྐྱེན་གྱིས་རེད། དེའི་ཁར་སྤོ་འདྲེན་མ་དངུལ་དང་སྤྱད་པའི་རྩིས་ཁོངས་སྤོས་པ་དང་རྩིས་ཁོངས་ལྷག་འཕྲོ་སྒོར་དུང་ཕྱུར་22160.95(དེའི་ནང་ཀྲུང་དབྱང་དང་ས་གནས་ནོར་སྲིད་ཀྱིས་སྔོན་རྩིས་བརྟན་སྲུང་སྙོམས་སྒྲིག་ཐེབས་རྩ་དང་། སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས། གཞུང་དབང་མ་རྩའི་གཉེར་སྐྱོང་སྔོན་རྩིས་བཅས་ཀྱི་སྤོ་འདྲེན་མ་དངུལ་དང་། དེ་བཞིན་ས་གནས་ནོར་སྲིད་ཀྱིས་སྤྱད་པའི་རྩིས་ཁོངས་སྤོས་པ་དང་རྩིས་ཁོངས་ལྷག་འཕྲོ་ཚུད་ཡོད་)བསྣན་ན། ཡོང་སྒོའི་བསྡོམས་འབོར་སྒོར་དུང་ཕྱུར་212543.18ཡིན། རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་གཏོང་སྒོ་སྒོར་དུང་ཕྱུར་238874.02ཡིན་པས། སྔོན་རྩིས་ཀྱི་101.5%ལེགས་འགྲུབ་བྱུང་ཞིང་8.1%འཕར་ཡོད། གཙོ་བོ་ནི་ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་གཏོང་སྒོ་དེ་ལོ་འགོར་ཚབ་སྒྲིག་བྱས་པའི་སྔོན་རྩིས་ཀྱི་གཞི་ཁྱོན་ལས་བརྒལ་བས་རེད། དེའི་ཁར་ཀྲུང་དབྱང་གི་སྔོན་རྩིས་བརྟན་སྲུང་སྙོམས་སྒྲིག་ཐེབས་རྩར་ཁ་གསབ་བརྒྱབ་པའི་སྒོར་དུང་ཕྱུར་1269.16བསྣན་ན། གཏོང་སྒོའི་བསྡོམས་འབོར་སྒོར་དུང་ཕྱུར་240143.18ཡིན། གཏོང་ཡོང་བསྡོམས་འབོར་ཁ་འཐབ་བཏང་ཚེ་ཆད་གྲངས་མཚལ་ཡིག་སྒོར་དུང་ཕྱུར་27600ཡིན་པས་སྔོན་རྩིས་དང་མཉམ་པ་རེད། 

    2.ཀྲུང་དབྱང་གི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས། 

    ཀྲུང་དབྱང་གི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་སྒོ་སྒོར་དུང་ཕྱུར་89305.41ཡིན་པས་སྔོན་རྩིས་ཀྱི་99.4%ཟིན་ཞིང་4.5%འཕར་ཡོད། དེའི་ཁར་ཀྲུང་དབྱང་གི་སྔོན་རྩིས་བརྟན་སྲུང་སྙོམས་སྒྲིག་ཐེབས་རྩ་ནས་སྤོ་འདྲེན་བྱས་པའི་སྒོར་དུང་ཕྱུར་2800དང་། ཀྲུང་དབྱང་གི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་དང་ཀྲུང་དབྱང་གི་གཞུང་དབང་མ་རྩ་གཉེར་སྐྱོང་སྔོན་རྩིས་ནས་སྤོ་འདྲེན་བྱས་པའི་སྒོར་དུང་ཕྱུར་394བསྣན་ན། ཡོང་སྒོའི་བསྡོམས་འབོར་སྒོར་དུང་ཕྱུར་92499.41ཡིན། ཀྲུང་དབྱང་གི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་གཏོང་སྒོ་སྒོར་དུང་ཕྱུར་109530.25ཡིན་པས་སྔོན་རྩིས་ཀྱི་98.4%ལེགས་འགྲུབ་བྱུང་ཞིང་7%འཕར་ཡོད། དེའི་ནང་རང་རིམ་གྱི་གཏོང་སྒོ་སྒོར་དུང་ཕྱུར་35115.15ཡིན་པས་སྔོན་རྩིས་ཀྱི་99.2%ལེགས་འགྲུབ་བྱུང་བ་དང་6%འཕར་ཡོད། ས་གནས་ལ་སྤོ་སྒྱུར་གཏོང་སྤྲོད་བྱས་གྲངས་སྒོར་དུང་ཕྱུར་74415.1ཟིན་པས། སྔོན་རྩིས་ཀྱི་98.7%ལེགས་འགྲུབ་བྱུང་ཞིང་7.5%འཕར་ཡོད། དེའི་ཁར་ཀྲུང་དབྱང་གི་སྔོན་རྩིས་བརྟན་སྲུང་སྙོམས་སྒྲིག་ཐེབས་རྩར་ཁ་གསབ་བརྒྱབ་པའི་སྒོར་དུང་ཕྱུར་1269.16བསྣན་ན། གཏོང་སྒོའི་བསྡོམས་འབོར་སྒོར་དུང་ཕྱུར་110799.41ཡིན། གཏོང་ཡོང་བསྡོམས་འབོར་ཁ་འཐབ་བཏང་ཚེ་ཀྲུང་དབྱང་ནོར་སྲིད་ཀྱི་ཆད་གྲངས་མཚལ་ཡིག་སྒོར་དུང་ཕྱུར་18300ཡིན་པས་སྔོན་རྩིས་དང་མཉམ་པ་རེད། ཀྲུང་དབྱང་གི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་ཡོང་སྒོའི་ལས་གཞི་གཙོ་བོའི་བྱེ་བྲག་གི་གནས་ཚུལ་ནི་འདི་ལྟ་སྟེ། རྒྱལ་ནང་གི་གནས་ཐང་འཕར་ཁྲལ་སྒོར་དུང་ཕྱུར་31161.01ཡིན་པས་སྔོན་རྩིས་ཀྱི་103.7%ཡིན། རྒྱལ་ནང་གི་འཛད་སྤྱོད་དཔྱ་ཁྲལ་སྒོར་དུང་ཕྱུར་12561.52ཡིན་པས་སྔོན་རྩིས་ཀྱི་108.5%ཡིན། ནང་འདྲེན་ཚོང་ཟོག་གི་གནས་ཐང་འཕར་ཁྲལ་དང་འཛད་སྤྱོད་དཔྱ་ཁྲལ་སྒོར་དུང་ཕྱུར་15812.3ཡིན་པས་སྔོན་རྩིས་ཀྱི་93.1%ཡིན། སྒོ་ཁྲལ་སྒོར་དུང་ཕྱུར་2889.11ཡིན་པས་སྔོན་རྩིས་ཀྱི་105.1%ཡིན། ཁེ་ལས་ཀྱི་ཐོབ་ཁྲལ་སྒོར་དུང་ཕྱུར་23786ཡིན་པས་སྔོན་རྩིས་ཀྱི་97.4%ཡིན། སྒེར་འབབ་དཔྱ་ཁྲལ་སྒོར་དུང་ཕྱུར་6234.14ཡིན་པས་སྔོན་རྩིས་ཀྱི་80.5%ཡིན་ཞིང་། གཙོ་བོ་ནི་གཞི་རྩའི་འཕྲི་འཐེན་གྲོན་དངུལ་གྱི་ཚད་གཞི་མཐོ་རུ་བཏང་བ་དང་ཆེད་དམིགས་ཟུར་སྣོན་འཕྲི་འཐེན་སྲིད་ཇུས་སོགས་ལག་བསྟར་བྱེད་པའི་དཔྱ་ཁྲལ་ཆག་ཡང་བཏང་བའི་གཞི་ཁྱོན་སྔོན་དཔག་ལས་བརྒལ་བའི་རྐྱེན་གྱིས་རེད། ཕྱིར་གཏོང་ཚོང་ཟོག་གི་གནས་ཐང་འཕར་ཁྲལ་དང་འཛད་སྤྱོད་དཔྱ་ཁྲལ་ཕྱིར་སློག་བྱས་གྲངས་སྒོར་དུང་ཕྱུར་16503.2ཡིན་པས་སྔོན་རྩིས་ཀྱི་103.5%ཡིན། 

     ཀྲུང་དབྱང་གི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་རང་རིམ་གྱི་གཏོང་སྒོའི་ལས་གཞི་གཙོ་བོའི་གནས་ཚུལ་ཞིབ་ཕྲ་ནི་འདི་ལྟ་སྟེ། སྤྱིར་བཏང་གི་སྤྱི་པའི་ཞབས་ཞུའི་གཏོང་སྒོ་སྒོར་དུང་ཕྱུར་1985.16ཡིན་པས་སྔོན་རྩིས་ཀྱི་99.7%ལེགས་འགྲུབ་བྱུང་ཡོད། ཕྱི་འབྲེལ་གྱི་གཏོང་སྒོ་སྒོར་དུང་ཕྱུར་615.39ཡིན་པས་སྔོན་རྩིས་ཀྱི་98.1%ལེགས་འགྲུབ་བྱུང་ཡོད། རྒྱལ་སྲུང་གི་གཏོང་སྒོ་སྒོར་དུང་ཕྱུར་11896.56ཡིན་པས་སྔོན་རྩིས་ཀྱི་100%ལེགས་འགྲུབ་བྱུང་ཡོད། སྤྱི་པའི་བདེ་འཇགས་ཀྱི་གཏོང་སྒོ་སྒོར་དུང་ཕྱུར་1839.45ཡིན་པས་སྔོན་རྩིས་ཀྱི་102.3%ལེགས་འགྲུབ་བྱུང་ཡོད། སློབ་གསོའི་གཏོང་སྒོ་སྒོར་དུང་ཕྱུར་1835.88ཡིན་པས་སྔོན་རྩིས་ཀྱི་100%ལེགས་འགྲུབ་བྱུང་ཡོད། ཚན་རིག་ལག་རྩལ་གྱི་གཏོང་སྒོ་སྒོར་དུང་ཕྱུར་3516.18ཡིན་པས་སྔོན་རྩིས་ཀྱི་99.2%ལེགས་འགྲུབ་བྱུང་ཡོད། འབྲུ་སྣུམ་དངོས་ཟོག་གྲབས་གསོག་གི་གཏོང་སྒོ་སྒོར་དུང་ཕྱུར་1204.04ཡིན་པས་སྔོན་རྩིས་ཀྱི་102.3%ལེགས་འགྲུབ་བྱུང་ཡོད། བུ་ལོན་གྱི་སྐྱེད་ཀའི་གཏོང་སྒོ་སྒོར་དུང་ཕྱུར་4566.62ཡིན་པས་སྔོན་རྩིས་ཀྱི་91.4%ལེགས་འགྲུབ་བྱུང་ཡོད།
   ཀྲུང་དབྱང་གིས་ས་གནས་ལ་སྤོ་སྒྱུར་གཏོང་སྤྲོད་བྱས་པའི་གནས་ཚུལ་ཞིབ་ཕྲ་ནི་འདི་ལྟ་སྟེ། སྤྱིར་བཏང་རང་བཞིན་གྱི་སྤོ་སྒྱུར་གཏོང་སྤྲོད་བྱས་གྲངས་སྒོར་དུང་ཕྱུར་66849.4ཡིན་པས་སྔོན་རྩིས་ཀྱི་98.7%ལེགས་འགྲུབ་བྱུང་ཡོད། དེའི་ནང་ཐུན་མོང་གི་ནོར་སྲིད་དབང་མཚམས་སྤོ་སྒྱུར་གཏོང་སྤྲོད་བྱས་གྲངས་སྒོར་དུང་ཕྱུར་31903.25ཡིན་པས་སྔོན་རྩིས་ཀྱི་100.2%ལེགས་འགྲུབ་བྱུང་བ་དང་། ཆེད་དམིགས་ཀྱི་སྤོ་སྒྱུར་གཏོང་སྤྲོད་བྱས་གྲངས་སྒོར་དུང་ཕྱུར་7565.7ཡིན་པས་སྔོན་རྩིས་ཀྱི་99.1%ལེགས་འགྲུབ་བྱུང་ཡོད། 
   2019ལོར་ཀྲུང་དབྱང་གི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་ལྷག་འཕྲོ་སྒོར་དུང་ཕྱུར་1269.16(དེའི་ནང་། ཀྲུང་དབྱང་གི་གྲ་སྒྲིག་གྲོན་དངུལ་ལོ་འདིར་གཏོང་སྒོ་བཏང་མེད་པས་ལྷག་འཕྲོ་སྒོར་དུང་ཕྱུར་500ཆགས་ཡོད་)ཚང་མ་ཀྲུང་དབྱང་གི་སྔོན་རྩིས་བརྟན་སྲུང་སྙོམས་སྒྲིག་ཐེབས་རྩའི་ཁོངས་སུ་བསྒྱུར་ཡོད། ཀྲུང་དབྱང་ནོར་སྲིད་ཀྱི་རྩིས་ཁོངས་སྤོས་པའི་མ་དངུལ་ཕྱིར་བསྡུས་པར་བརྟེན་སྒོར་དུང་ཕྱུར་3000ཁ་གསབ་བྱས། 2019ལོའི་ལོ་མཇུག་བར་ཀྲུང་དབྱང་གི་སྔོན་རྩིས་བརྟན་སྲུང་སྙོམས་སྒྲིག་ཐེབས་རྩའི་ལྷག་གྲངས་སྒོར་དུང་ཕྱུར་5272.49ཡོད།

   
 3.ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས།
    ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་ཡོང་སྒོ་སྒོར་དུང་ཕྱུར་175491.92ཟིན་པའི་ནང་རང་རིམ་གྱི་ཡོང་སྒོ་སྒོར་དུང་ཕྱུར་101076.82ཡིན་པས་3.2%འཕར་ཡོད་པ་དང་། ཀྲུང་དབྱང་གིས་ས་གནས་ལ་སྤོ་སྒྱུར་གཏོང་སྤྲོད་བྱས་པའི་ཡོང་སྒོ་སྒོར་དུང་ཕྱུར་74415.1ཟིན་ཡོད། དེའི་ཁར་ས་གནས་ནོར་སྲིད་ཀྱིས་ས་གནས་སྔོན་རྩིས་བརྟན་སྲུང་སྙོམས་སྒྲིག་ཐེབས་རྩ་དང་། སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས། གཞུང་དབང་མ་རྩ་གཉེར་སྐྱོང་སྔོན་རྩིས་བཅས་ནས་སྤོ་འདྲེན་མ་དངུལ་དང་སྤྱད་པའི་རྩིས་ཁོངས་སྤོས་པ་དང་རྩིས་ཁོངས་ལྷག་འཕྲོ་སྒོར་དུང་ཕྱུར་18966.95བསྣན་ན། ཡོང་སྒོའི་བསྡོམས་འབོར་སྒོར་དུང་ཕྱུར་194458.87ཡིན། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་གཏོང་སྒོ་སྒོར་དུང་ཕྱུར་203758.87ཡིན་པས་8.5%འཕར་ཡོད། གཏོང་ཡོང་བསྡོམས་འབོར་ཁ་འཐབ་བཏང་ཚེ་ས་གནས་ནོར་སྲིད་ཀྱི་ཆད་གྲངས་མཚལ་ཡིག་སྒོར་དུང་ཕྱུར་9300ཡིན་པས་སྔོན་རྩིས་དང་མཉམ་པ་རེད། 
    (གཉིས།) 2019ལོའི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་གཏོང་ཡོང་གནས་ཚུལ།
    ས་གནས་སྲིད་གཞུང་གི་བུ་ལོན་དོ་དམ་གྱི་འབྲེལ་ཡོད་གཏན་འབེབས་ལྟར། ས་གནས་སྲིད་གཞུང་གི་ཆེད་དམིགས་བུ་ལོན་གྱི་གཏོང་ཡོང་དེ་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་དོ་དམ་ནང་བཅུག་ཡོད།
   རྒྱལ་ཡོངས་ཀྱི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་ཡོང་སྒོ་སྒོར་དུང་ཕྱུར་84515.75ཟིན་པས་12%འཕར་ཡོད། དེའི་ཁར་2018ལོའི་རྩིས་ཁོངས་སྤོས་པའི་ཡོང་སྒོ་སྒོར་དུང་ཕྱུར་360.4དང་ས་གནས་སྲིད་གཞུང་གིས་འགྲེམས་སྤེལ་བྱས་པའི་ཆེད་དམིགས་བུན་འཛིན་གྱི་གྲབས་གསོག་ཡོང་སྒོ་སྒོར་དུང་ཕྱུར་21500བསྣན་ན། རྒྱལ་ཡོངས་ཀྱི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་ཡོང་སྒོའི་བསྡོམས་འབོར་སྒོར་དུང་ཕྱུར་106376.15ཡིན། རྒྱལ་ཡོངས་ཀྱི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་91364.8ཡིན་པས་13.4%འཕར་ཡོད།
   ཀྲུང་དབྱང་གི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་ཡོང་སྒོ་སྒོར་དུང་ཕྱུར་4039.62ཡིན་པས་སྔོན་རྩིས་ཀྱི་96.3%ཟིན་པ་དང་0.1%འཕར་ཡོད། དེའི་ཁར་2018ལོའི་རྩིས་ཁོངས་སྤོས་པའི་ཡོང་སྒོ་སྒོར་དུང་ཕྱུར་360.4བསྣན་ན། ཀྲུང་དབྱང་གི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་ཡོང་སྒོའི་བསྡོམས་འབོར་སྒོར་དུང་ཕྱུར་4400.02ཟིན་ཡོད། ཀྲུང་དབྱང་གི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་4178.86ཡིན་པས་སྔོན་རྩིས་ཀྱི་91.9%ལེགས་འགྲུབ་བྱུང་ཞིང་3.9%འཕར་ཡོད། དེའི་ནང་རང་རིམ་གྱི་གཏོང་སྒོ་སྒོར་དུང་ཕྱུར་3113.41ཟིན་པ་དང་། ས་གནས་ལ་སྤོ་སྒྱུར་གཏོང་སྤྲོད་བྱས་གྲངས་སྒོར་དུང་ཕྱུར་1065.45ཟིན་ཡོད། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་སྒོར་དུང་ཕྱུར་4.23སྤོ་འདྲེན་བྱས་ཡོད། ཀྲུང་དབྱང་གི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་ཀྱི་ཡོང་སྒོ་ནི་གཏོང་སྒོ་ལས་སྒོར་དུང་ཕྱུར་216.93མང་ཞིང་། དེའི་ནང་ལོ་རྗེས་མར་རྩིས་ཁོངས་སྤོས་ནས་མུ་མཐུད་དུ་སྤྱོད་པ་ལ་སྒོར་དུང་ཕྱུར་180.04ཡོད་པ་དང་། སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་ལས་གཞི་རྐྱང་མའི་རྩིས་ཁོངས་སྤོས་པ་དེ་ལོ་འདིའི་ཡོང་སྒོའི་30%ལས་བརྒལ་བའི་ཆ་ཤས་ཁྱོན་བསྡོམས་སྒོར་དུང་ཕྱུར་36.89དེ་གཏན་འབེབས་ལྟར་ཀྲུང་དབྱང་གི་སྔོན་རྩིས་བརྟན་སྲུང་སྙོམས་སྒྲིག་ཐེབས་རྩར་ཁ་གསབ་བྱས་ཡོད།
   ས་གནས་ཀྱི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་ཀྱི་རང་རིམ་གྱི་ཡོང་སྒོ་སྒོར་དུང་ཕྱུར་80476.13ཡིན་པས་12.6%འཕར་ཡོད། དེའི་ནང་གཞུང་དབང་ས་ཆའི་སྤྱོད་དབང་བཤུག་སྤྲོད་བྱས་པའི་ཡོང་སྒོ་སྒོར་དུང་ཕྱུར་72584.42ཡིན་པས་11.4%འཕར་ཡོད། དེའི་ཁར་ཀྲུང་དབྱང་གི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་ཀྱིས་ས་གནས་ལ་སྤོ་སྒྱུར་གཏོང་སྤྲོད་བྱས་པའི་ཡོང་སྒོ་སྒོར་དུང་ཕྱུར་1065.45དང་ས་གནས་སྲིད་གཞུང་གིས་འགྲེམས་སྤེལ་བྱས་པའི་ཆེད་དམིགས་བུན་འཛིན་གྱི་གྲབས་གསོག་ཡོང་སྒོ་སྒོར་དུང་ཕྱུར་21500བསྣན་ན། ས་གནས་ཀྱི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་ཡོང་སྒོའི་བསྡོམས་འབོར་སྒོར་དུང་ཕྱུར་103041.58ཟིན་ཡོད། ས་གནས་ཀྱི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་88251.39ཡིན་པས་13.9%འཕར་ཡོད།
(གསུམ།) 2019ལོའི་གཞུང་དབང་མ་རྩའི་གཉེར་སྐྱོང་སྔོན་རྩིས་ཀྱི་གཏོང་ཡོང་གནས་ཚུལ།
    རྒྱལ་ཡོངས་ཀྱི་གཞུང་དབང་མ་རྩའི་གཉེར་སྐྱོང་སྔོན་རྩིས་ཀྱི་ཡོང་སྒོ་སྒོར་དུང་ཕྱུར་3960.42ཡིན་པས་36.3%འཕར་ཡོད། རྒྱལ་ཡོངས་ཀྱི་གཞུང་དབང་མ་རྩའི་གཉེར་སྐྱོང་སྔོན་རྩིས་ཀྱི་གཏོང་སྒོ་སྒོར་དུང་ཕྱུར་2287.43ཡིན་པས་6.2%འཕར་ཡོད།
    ཀྲུང་དབྱང་གི་གཞུང་དབང་མ་རྩའི་གཉེར་སྐྱོང་སྔོན་རྩིས་ཀྱི་ཡོང་སྒོ་སྒོར་དུང་ཕྱུར་1635.93ཡིན་པས་སྔོན་རྩིས་ཀྱི་99.9%ཟིན་ཞིང་23.3%འཕར་ཡོད། དེའི་ཁར་2018ལོའི་རྩིས་ཁོངས་སྤོས་པའི་ཡོང་སྒོ་སྒོར་དུང་ཕྱུར་6.7བསྣན་ན། ཡོང་སྒོའི་བསྡོམས་འབོར་སྒོར་དུང་ཕྱུར་1642.63ཡིན། ཀྲུང་དབྱང་གི་གཞུང་དབང་མ་རྩའི་གཉེར་སྐྱོང་སྔོན་རྩིས་ཀྱི་གཏོང་སྒོ་སྒོར་དུང་ཕྱུར་1108.8ཡིན་པས་སྔོན་རྩིས་ཀྱི་88.4%ལེགས་འགྲུབ་བྱུང་ཞིང་0.3%ཆག་ཡོད། དེའི་ནང་རང་རིམ་གྱི་གཏོང་སྒོ་སྒོར་དུང་ཕྱུར་986.55དང་། ས་གནས་ལ་སྤོ་སྒྱུར་གཏོང་སྤྲོད་བྱས་གྲངས་སྒོར་དུང་ཕྱུར་122.25ཟིན་ཡོད། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་སྒོར་དུང་ཕྱུར་389.77སྤོ་འདྲེན་བྱས་པ་དང་། སྤོ་འདྲེན་བསྡུར་ཚད་28%བར་མཐོ་རུ་བཏང་ཡོད། ལོ་རྗེས་མར་རྩིས་ཁོངས་སྤོས་པའི་གཏོང་སྒོ་སྒོར་དུང་ཕྱུར་144.06ཟིན་ཡོད།
    ས་གནས་ཀྱི་གཞུང་དབང་མ་རྩའི་གཉེར་སྐྱོང་སྔོན་རྩིས་རང་རིམ་གྱི་ཡོང་སྒོ་སྒོར་དུང་ཕྱུར་2324.49ཡིན་པས་47.2%འཕར་ཡོད། དེའི་ཁར་ཀྲུང་དབྱང་གི་གཞུང་དབང་མ་རྩའི་གཉེར་སྐྱོང་སྔོན་རྩིས་ཀྱིས་ས་གནས་ལ་སྤོ་སྒྱུར་གཏོང་སྤྲོད་བྱས་པའི་ཡོང་སྒོ་སྒོར་དུང་ཕྱུར་122.25བསྣན་ན། ཡོང་སྒོའི་བསྡོམས་འབོར་སྒོར་དུང་ཕྱུར་2446.74ཡིན། ས་གནས་ཀྱི་གཞུང་དབང་མ་རྩའི་གཉེར་སྐྱོང་སྔོན་རྩིས་ཀྱི་གཏོང་སྒོ་སྒོར་དུང་ཕྱུར་1300.88ཡིན་པས་15.3%འཕར་ཡོད། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་མ་དངུལ་སྤོ་འདྲེན་བྱས་པ་དེ་སྒོར་དུང་ཕྱུར་943.19བར་འཕར་ཡོད། ལོ་རྗེས་མར་རྩིས་ཁོངས་སྤོས་པའི་གཏོང་སྒོ་སྒོར་དུང་ཕྱུར་202.67ཟིན་ཡོད།
    (བཞི།) 2019ལོའི་སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་སྔོན་རྩིས་ཀྱི་གཏོང་ཡོང་གནས་ཚུལ།
    རྒྱལ་ཡོངས་ཀྱི་སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་ཡོང་སྒོ་སྒོར་དུང་ཕྱུར་80844.09ཡིན་པས་2.3%འཕར་ཡོད། དེའི་ནང་འགན་བཅོལ་གྲོན་དངུལ་གྱི་ཡོང་སྒོ་སྒོར་དུང་ཕྱུར་57849.05དང་། ནོར་སྲིད་ཀྱི་ཁ་གསབ་ཡོང་སྒོ་སྒོར་དུང་ཕྱུར་19392.61ཟིན་ཡོད། རྒྱལ་ཡོངས་ཀྱི་སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་གཏོང་སྒོ་སྒོར་དུང་ཕྱུར་74989.23ཡིན་པས་11.3%འཕར་ཡོད། ལོ་འདིའི་གཏོང་ཡོང་གི་ལྷག་འཕྲོ་སྒོར་དུང་ཕྱུར་5854.86ཟིན་པས་ལོ་མཇུག་གི་འགྲིལ་བསགས་ལྷག་འཕྲོ་སྒོར་དུང་ཕྱུར་94026.97ཟིན་ཡོད།
     ཀྲུང་དབྱང་གི་སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་ཡོང་སྒོ་སྒོར་དུང་ཕྱུར་688.61ཟིན་ཡོད། དེའི་ནང་འགན་བཅོལ་གྲོན་དངུལ་གྱི་ཡོང་སྒོ་སྒོར་དུང་ཕྱུར་354.44ཡིན་པ་དང་། ནོར་སྲིད་ཀྱི་ཁ་གསབ་ཡོང་སྒོ་སྒོར་དུང་ཕྱུར་319.36ཡིན། དེའི་ཁར་ས་གནས་ཀྱིས་གོང་འབུལ་ཞུས་པའི་གཞི་རྩའི་རྒན་གསོའི་འགན་བཅོལ་གྱི་ཀྲུང་དབྱང་སྙོམས་སྒྲིག་ཐེབས་རྩའི་ཡོང་སྒོ་སྒོར་དུང་ཕྱུར་6280བསྣན་ན། ཡོང་སྒོའི་བསྡོམས་འབོར་སྒོར་དུང་ཕྱུར་6968.61ཟིན་ཡོད། ཀྲུང་དབྱང་གི་སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་གཏོང་སྒོ་སྒོར་དུང་ཕྱུར་663.2ཟིན་ཡོད། དེའི་ཁར་ས་གནས་ལ་བཀོད་སྒྲིག་བྱས་པའི་གཞི་རྩའི་རྒན་གསོའི་འགན་བཅོལ་གྱི་ཀྲུང་དབྱང་སྙོམས་སྒྲིག་ཐེབས་རྩའི་གཏོང་སྒོ་སྒོར་དུང་ཕྱུར་6273.8བསྣན་ན། གཏོང་སྒོའི་བསྡོམས་འབོར་སྒོར་དུང་ཕྱུར་6937ཟིན་ཡོད། ལོ་འདིའི་གཏོང་ཡོང་གི་ལྷག་འཕྲོ་སྒོར་དུང་ཕྱུར་31.61ཟིན་པ་དང་། ལོ་མཇུག་གི་འགྲིལ་བསགས་ལྷག་འཕྲོ་སྒོར་དུང་ཕྱུར་358.75ཟིན་ཡོད།

    ས་གནས་ཀྱི་སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་ཡོང་སྒོ་སྒོར་དུང་ཕྱུར་80155.48ཡིན་ཞིང་། དེའི་ནང་འགན་བཅོལ་གྲོན་དངུལ་གྱི་ཡོང་སྒོ་སྒོར་དུང་ཕྱུར་57494.61ཡིན་པ་དང་། ནོར་སྲིད་ཀྱི་ཁ་གསབ་ཡོང་སྒོ་སྒོར་དུང་ཕྱུར་19073.25ཡིན། དེའི་ཁར་གཞི་རྩའི་རྒན་གསོའི་འགན་བཅོལ་གྱི་ཀྲུང་དབྱང་སྙོམས་སྒྲིག་ཐེབས་རྩའི་ཡོང་སྒོ་སྒོར་དུང་ཕྱུར་6273.8བསྣན་ན། ཡོང་སྒོའི་བསྡོམས་འབོར་སྒོར་དུང་ཕྱུར་86429.28ཡིན། ས་གནས་ཀྱི་སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་གཏོང་སྒོ་སྒོར་དུང་ཕྱུར་74326.03ཟིན་པ་དང་། དེའི་ཁར་གཞི་རྩའི་རྒན་གསོའི་འགན་བཅོལ་གྱི་ཀྲུང་དབྱང་སྙོམས་སྒྲིག་ཐེབས་རྩའི་གཏོང་སྒོ་སྒོར་དུང་ཕྱུར་6280བསྣན་ན། གཏོང་སྒོའི་བསྡོམས་འབོར་སྒོར་དུང་ཕྱུར་80606.03ཟིན་ཡོད། ལོ་འདིའི་གཏོང་ཡོང་གི་ལྷག་འཕྲོ་སྒོར་དུང་ཕྱུར་5823.25ཟིན་པ་དང་། ལོ་མཇུག་གི་འགྲིལ་བསགས་ལྷག་འཕྲོ་སྒོར་དུང་ཕྱུར་93668.22ཟིན་ཡོད།
    2019ལོའི་ལོ་མཇུག་ཏུ་ཀྲུང་དབྱང་ནོར་སྲིད་ཀྱི་རྒྱལ་བུན་ལྷག་གྲངས་སྒོར་དུང་ཕྱུར་168038.04ཟིན་པ་དེ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱིས་ཆོག་མཆན་བཀོད་པའི་བུ་ལོན་ལྷག་གྲངས་ཀྱི་བཅད་གྲངས་སྒོར་དུང་ཕྱུར་175208.35ནང་ཚོད་འཛིན་བྱས་ཡོད། ས་གནས་སྲིད་གཞུང་གི་བུ་ལོན་ལྷག་གྲངས་སྒོར་དུང་ཕྱུར་213072.26ཡིན་ཞིང་། དེའི་ནང་སྤྱིར་བཏང་གི་བུ་ལོན་ལྷག་གྲངས་སྒོར་དུང་ཕྱུར་118694.14དང་། ཆེད་དམིགས་བུ་ལོན་ལྷག་གྲངས་སྒོར་དུང་ཕྱུར་94378.12ཚུད་པས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱིས་ཆོག་མཆན་བཀོད་པའི་བུ་ལོན་ལྷག་གྲངས་ཀྱི་བཅད་གྲངས་སྒོར་དུང་ཕྱུར་240774.3ནང་ཚོད་འཛིན་བྱས་ཡོད། 
   གོང་གསལ་སྔོན་རྩིས་ལག་བསྟར་བྱས་ཚུལ་ཞིབ་ཕྲ་དང་འབྲེལ་ཡོད་གསལ་བཤད་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་2019ལོའི་རྒྱལ་ཡོངས་ཀྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2020ལོའི་རྒྱལ་ཡོངས་ཀྱི་སྔོན་རྩིས་(མ་ཟིན་)》ཞེས་པར་གསལ།
    (ལྔ།) 2019ལོའི་ནོར་ཁྲལ་གྱི་སྲིད་ཇུས་གཙོ་བོ་དོན་འཁྱོལ་བྱས་ཚུལ་དང་ནོར་སྲིད་ལས་དོན་གཙོ་གནད་བསྒྲུབས་ཚུལ། 
   2019ལོར་ནོར་སྲིད་སྡེ་ཁག་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་དང་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་པ་དང་། སྔོན་རྩིས་སྐོར་གྱི་བཅའ་ཁྲིམས་དང་《མི་དམངས་འཐུས་ཚོགས་ཀྱིས་སྔོན་རྩིས་ལ་ཞིབ་བཤེར་དང་ལྟ་སྐུལ་བྱེད་པའི་གཙོ་གནད་དེ་གཏོང་སྒོའི་སྔོན་རྩིས་དང་སྲིད་ཇུས་ཕྱོགས་སུ་རྒྱ་སྐྱེད་གཏོང་བའི་སྐོར་གྱི་མཛུབ་སྟོན་བསམ་འཆར་》ལ་གཞིགས་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་སྔོན་རྩིས་གྲོས་ཆོད་དང་། གྲོས་ཞིབ་བསམ་འཆར་གྱི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་པ་དང་། ནུས་ཤུགས་ཡོད་ཚད་བཏོན་ནས་ལས་ཕྱོད་མཐོར་འདེགས་དང་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ལག་བསྟར་བྱས་ཤིང་། གཙོ་གནད་ཁྱབ་ཁོངས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་དང་། ནོར་ཁྲལ་སྒྲིག་སྲོལ་སྒྱུར་བཅོས་ཇེ་མགྱོགས་སུ་བཏང་སྟེ། རྒྱུན་ཆད་མེད་པར་ནོར་སྲིད་དོ་དམ་ཆུ་ཚད་མཐོར་འདེགས་བཏང་ཡོད། 
   གཞི་ཁྱོན་སྔར་ལས་ཆེ་བའི་ཁྲལ་རིན་གཉིས་གཅོག་ལག་བསྟར་བྱས་པ། ཁྲལ་རིན་གཉིས་གཅོག་གིས་ཐད་ཀར་ཁེ་ལས་དང་མི་དམངས་ལ་ཕན་འདོགས་པ་དང་དྲང་གཞག་ནུས་ལྡན་ཡིན་པས། དཔལ་འབྱོར་ཆག་པའི་གནོན་ཤུགས་ལ་ཁ་གཏད་གཅོག་པའི་བྱེད་ཐབས་གལ་ཆེན་ཞིག་རེད། ནོར་ཁྲལ་སྡེ་ཁག་རིམ་པ་ཁག་གིས་གཞི་ཁྱོན་སྔར་ལས་ཆེ་བའི་ཁྲལ་རིན་གཉིས་གཅོག་དོན་འཁྱོལ་བྱ་རྒྱུ་དེ་2019ལོར་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ལག་བསྟར་བྱེད་པའི་དོན་ཆེན་ཨང་དང་པོར་བརྩིས་ནས་དམ་འཛིན་དང་ལེགས་འཛིན་ཏན་ཏིག་བྱས། ཟླ་1ཚེས་1ཉིན་ནས་བཟུང་ཁེ་ལས་ཆུང་ཕྲན་གྱི་ཀུན་ཕན་རང་བཞིན་གྱི་དཔྱ་ཁྲལ་ཆག་ཡང་བཏང་བ་དང་། སྒེར་འབབ་དཔྱ་ཁྲལ་གྱི་ཆེད་དོན་ཟུར་སྣོན་འཕྲི་འཐེན་བྱས། ཟླ་4ཚེས་1ཉིན་ནས་བཟུང་གནས་ཐང་འཕར་ཁྲལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་བྱེད་ཐབས་ལག་བསྟར་བྱས་པ་དང་། བཟོ་སྐྲུན་ལས་རིགས་སོགས་ལས་རིགས་ཀྱི་གནས་ཐང་འཕར་ཁྲལ་གྱི་ཁྲལ་ཚད་16%ནས་13%བར་ཆག་པ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་དང་བཟོ་སྐྲུན་ལས་རིགས་སོགས་ཀྱི་ལས་རིགས་10%ནས་9%བར་ཆག་པ་རེད། ཟླ་5ཚེས་1ཉིན་ནས་བཟུང་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་གྱི་ཚད་ཇེ་དམའ་རུ་བཏང་བ་རེད། སྲིད་འཛིན་བྱ་གཞག་རང་བཞིན་གྱི་གྲོན་བསྡུ་དང་སྲིད་གཞུང་རང་བཞིན་གྱི་ཐེབས་རྩ་མུ་མཐུད་གཙང་བཤེར་དང་ཚད་ལྡན་དུ་བཏང་ཡོད། 
   ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་ཀྱིས་ཁེ་ལས་ཀྱི་ཁུར་པོ་ཡང་དུ་གཏོང་བ་དང་། སྡོད་དམངས་ཀྱི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ། ཚོང་རའི་སྔོན་དཔག་བརྟན་པོ་ཡོང་བ། ལས་ཞུགས་རྒྱ་ཆེར་གཏོང་བ་སོགས་ཀྱི་ཐད་ལ་ནུས་པ་གལ་ཆེན་ཐོན་ནས་དངོས་གཞིའི་དཔལ་འབྱོར་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར་ནུས་ལྡན་བྱས་ཡོད། 2019ལོའི་ལོ་ཧྲིལ་པོར་ཁྲལ་རིན་གཉིས་གཅོག་བྱས་གྲངས་སྒོར་དུང་ཕྱུར་ཁྲི་2.36ཡིན་པའི་ནང་གསར་འཕར་བྱུང་བའི་ཁྲལ་དངུལ་ཆག་ཡང་བཏང་གྲངས་སྒོར་དུང་ཕྱུར་ཁྲི་1.93ཡིན། བཟོ་སྐྲུན་ལས་རིགས་དང་དེའི་འབྲེལ་ཡོད་ལྷུ་ཚིགས་ཀྱི་གནས་ཐང་འཕར་ཁྲལ་ཆག་ཡང་བཏང་གྲངས་སྒོར་དུང་ཕྱུར་5928ཡིན་པ་དང་དཔྱ་ཁྲལ་ཆག་ཡང་བཏང་ཚད་24.1%ཟིན་ཡོད། ཨར་ལས་ལས་རིགས་དང་འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་ཀྱི་གནས་ཐང་འཕར་ཁྲལ་གྱི་དཔྱ་ཁྲལ་སོ་སོར་སྒོར་དུང་ཕྱུར་257དང་སྒོར་དུང་ཕྱུར་44ཆག་ཡང་བཏང་བ་དང་། དཔྱ་ཁྲལ་ཆག་ཡང་བཏང་ཚད་5.2%དང་6.7%ཟིན། དེང་རབས་ཀྱི་ཞབས་ཞུའི་ལས་རིགས་དང་འཚོ་བའི་ཞབས་ཞུའི་ལས་རིགས་སོགས་ལས་རིགས་གཞན་དག་གི་གནས་ཐང་འཕར་ཁྲལ་གྱི་ཁུར་པོ་ཡང་ཚད་མི་འདྲ་བའི་ཐོག་ནས་ཆག་ཡང་དུ་བཏང་ཡོད། དམངས་གཉེར་ཁེ་ལས་ལ་བསྡོམས་པས་དཔྱ་ཁྲལ་སྒོར་དུང་ཕྱུར་ཁྲི་1.26ཆག་ཡང་བཏང་བ་དེས་དཔྱ་ཁྲལ་ཆག་ཡང་བཏང་གྲངས་ཚང་མའི་བསྡུར་ཚད་ཀྱི་65.5%བཟུང་ཡོད། ཁེ་ལས་ཆུང་ཕྲན་ལ་དཔྱ་ཁྲལ་སྒོར་དུང་ཕྱུར་2832ཆག་ཡང་བཏང་བ་དང་། ཁེ་ལས་ཀྱི་ཐོབ་ཁྲལ་ཆག་ཡང་དང་རྩ་ཆག་བཏང་བ་དངོས་སུ་ལོངས་སྤྱོད་ཐུབ་པའི་ཁྲལ་འཇལ་མཁན་དུད་ཚང་ཁྲི་626ཟིན་ཞིང་། གནས་ཐང་འཕར་ཁྲལ་གྱི་དཔྱ་ཁྲལ་རྩ་ཆག་བཏང་བ་ལོངས་སྤྱོད་ཐུབ་པའི་གཞི་ཁྱོན་ཆུང་བའི་ཁྲལ་འཇལ་མཁན་དུད་ཚང་ཁྲི་456གསར་འཕར་བྱུང་ཡོད། སྒེར་འབབ་དཔྱ་ཁྲལ་གྱི་ཆེད་དམིགས་ཟུར་སྣོན་འཕྲི་འཐེན་སྲིད་ཇུས་ལག་བསྟར་བྱས་པ་དང་། དེའི་ཁར་2018ལོའི་ཟླ་10ཚེས་1ཉིན་སྒེར་འབབ་དཔྱ་ཁྲལ་གྱི་གཞི་རྩའི་འཕྲི་འཐེན་གྲོན་དངུལ་གྱི་ཚད་གཞི་དང་ཁྲལ་ཚད་གྲུབ་ཚུལ་ལེགས་སྒྲིག་བྱེད་པའི་མཇུག་གཟེངས་རྒྱུ་རྐྱེན་གྱི་དབང་གིས། ཁྱོན་བསྡོམས་དཔྱ་ཁྲལ་སྒོར་དུང་ཕྱུར་4604ཆག་ཡང་བཏང་བ་དང་། ཁྲལ་འཇལ་མཁན་དུང་ཕྱུར་2.5ལ་ཐད་ཀར་ཕན་པ་ཐོབ་པ་དང་མི་རེར་ཆ་སྙོམས་དཔྱ་ཁྲལ་ཧ་ལམ་སྒོར་1842ཆག་ཡང་བཏང་ཡོད།
   ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་དོན་འཁྱོལ་བྱེད་པར་རྒྱབ་སྐྱོར་བྱེད་ཆེད། སྲིད་གཞུང་རིམ་པ་ཁག་གིས་སྤྱིར་བཏང་རང་བཞིན་གྱི་གཏོང་སྒོ་ཉུང་དུ་ཤུགས་ཆེན་བཏང་བ་དང་། ཐབས་ལམ་མང་པོའི་ཐོག་ནས་མ་དངུལ་གྲབས་གསོག་བྱས་ཏེ་ཡོང་སྒོ་ཉུང་དུ་ཕྱིན་པར་ཁ་གསབ་བྱས་ཤིང་། སྔོན་རྩིས་གཏོང་ཡོང་དོ་མཉམ་ཡོང་གང་ཐུབ་བྱས་ཡོད། ཀྲུང་དབྱང་ནོར་སྲིད་ཀྱིས་ས་གནས་ལ་སྤོ་སྒྱུར་གཏོང་སྤྲོད་བྱེད་ཤུགས་ཆེ་རུ་བཏང་བ་མ་ཟད། ཆ་སྙོམས་རང་བཞིན་གྱི་སྤོ་སྒྱུར་གཏོང་སྤྲོད་དང་། རྫོང་རིམ་པའི་གཞི་རྩའི་ནོར་ཤུགས་འགན་སྲུང་ལམ་སྲོལ་གྱི་བྱ་དགའ་དང་ཁ་གསབ་མ་དངུལ་བགོ་བཤའ་རྒྱག་སྐབས། གཞི་རིམ་གྱི་ནོར་སྲིད་ཐད་དཀའ་ངལ་ཡོད་པའི་ས་ཁུལ་དང་ཁྲལ་རིན་གཉིས་གཅོག་གི་ཤུགས་རྐྱེན་ཅུང་ཆེ་བའི་ས་ཁུལ་ལ་ཕྱོགས་ཆ་ལྡན་པ་བྱས་ཏེ། དེའི་ནོར་སྲིད་ཀྱི་འགན་སྲུང་བྱེད་ནུས་ཆེ་རུ་བཏང་ཡོད། རྫོང་རིམ་པའི་ནོར་སྲིད་ཀྱི་གླ་ཕོགས་འགན་སྲུང་ལ་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བ་དང་ཉེན་ཁ་དཔྱད་དཔོག་བྱེད་པའི་ལམ་སྲོལ་བཙུགས་པ་དང་ལག་བསྟར་བྱས་ཤིང་། ནོར་སྲིད་གཏོང་ཡོང་དང་མཛོད་དངུལ་དོ་དམ་ལ་གཅིག་གྱུར་གྱིས་འཆར་འགོད་བྱས་པ་དང་། གཏོང་སྒོའི་སྔོན་ཐོབ་གོ་རིམ་བཀོད་སྒྲིག་ལུགས་མཐུན་བྱས་ཏེ། རྫོང་རིམ་པའི་“འགན་སྲུང་གསུམ་”(གཞི་རྩའི་དམངས་འཚོ་འགན་སྲུང་དང་། གླ་ཕོགས་འགན་སྲུང་། འཁོར་སྐྱོད་འགན་སྲུང་)གྱི་གཞི་ཐིག་བརྟན་སྲུང་བྱས་པ་རེད།
    འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ལེགས་པོར་རྒྱག་པར་མུ་མཐུད་ནས་རྒྱབ་སྐྱོར་བྱས་ཡོད། དབུལ་བྲལ་འགག་སྒྲོལ་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས། གནད་འཁེལ་དབུལ་སྐྱོར་གྱི་བྱེད་ཐབས་དོན་འཁྱོལ་དང་འཐུས་ཚང་དུ་བཏང་ཞིང་།“སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ་”གྱི་མངོན་གསལ་དོད་པའི་ཞན་ཆ་གསབ་རྒྱུར་དམིགས་ནས་དབུལ་བྲལ་འགག་སྒྲོལ་གྱི་གཏོང་ཆ་འགན་སྲུང་ལ་ཤུགས་སྣོན་བརྒྱབ་ཡོད། ཀྲུང་དབྱང་ནོར་སྲིད་ཀྱིས་ས་གནས་ལ་ཆེད་དམིགས་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར་1261ཁ་གསབ་བྱས་པ་དེ་18.9%འཕར་བ་དང་།  “ས་ཁུལ་གསུམ་དང་རང་སྐྱོང་ཁུལ་གསུམ་”སོགས་ཤིན་ཏུ་དབུལ་བའི་ས་ཁུལ་ལ་སྔར་བས་ཕྱོགས་ཆ་ལྡན་པ་བྱས་ཡོད། ཞིང་ཆེན་ལས་བརྒལ་ནས་རྨོ་ཞིང་ཁ་གསབ་བྱས་པའི་ཡོང་སྒོ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛུགས་སྐྲུན་ལ་མཁོ་བའི་ས་ཆ་སྣོན་འཕྲི་ཟུང་འབྲེལ་གྱི་དམིགས་ཚད་ལྷག་འཕྲོ་སྙོམས་སྒྲིག་བྱས་པའི་ཡོང་སྒོ་སྒོར་དུང་ཕྱུར་817སྤྱད་དེ་ཚང་མ་དབུལ་བྲལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པར་སྤྱད་པ་རེད། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་ས་གནས་སྲིད་གཞུང་གི་སྤྱིར་བཏང་གི་བུན་འཛིན་སྒོར་དུང་ཕྱུར་1294གཤམ་སྤྲོད་བྱས་ནས། ལོ་གཅིག་སྔ་སྣུར་བྱས་ཏེ་“ལོ་ལྔ་ཚན་བཅུ་གསུམ་པའི་”འཆར་འགོད་འཛུགས་སྐྲུན་ལས་འགན་གཞི་རྩའི་ཐོག་ལེགས་འགྲུབ་ཡོང་བར་རྒྱབ་སྐྱོར་བྱས་ཡོད། ཁེ་ལས་ལ་དབུལ་སྐྱོར་ཞལ་འདེབས་ཕུལ་བའི་གཏོང་སྒོའི་ཐོབ་ཁྲལ་མ་འཇལ་གོང་དོན་དངོས་གཞིར་བཟུང་ནས་འཕྲི་འཐེན་དང་། དབུལ་སྐྱོར་དངོས་ཟོག་ཞལ་འདེབས་ཕུལ་བའི་གནས་ཐང་འཕར་ཁྲལ་རྩ་ཆག་གཏོང་བ། སྲིད་གཞུང་གི་ཉོ་སྒྲུབ་ཀྱིས་དབུལ་བྲལ་འགག་སྒྲོལ་ལ་རྒྱབ་སྐྱོར་བྱེད་པ་སོགས་ཀྱི་སྲིད་ཇུས་དངོས་སུ་བཏོན་པ་དང་། དབུལ་ཕོངས་རྫོང་གི་ཞིང་འབྲེལ་མ་དངུལ་སྡེབ་སྒྲིག་ཚོད་ལྟ་བྱེད་པར་མུ་མཐུད་སྐུལ་འདེད་གཏིང་ཟབ་བཏང་ཡོད། དབུལ་སྐྱོར་ལས་གཞིའི་བརྒྱུད་རིམ་ཧྲིལ་པོའི་ཕན་འབྲས་དོ་དམ་ལ་སྐུལ་འདེད་བཏང་ཡོད། ནོར་སྲིད་ཀྱི་དབུལ་སྐྱོར་མ་དངུལ་གྱི་འགུལ་རྣམ་ལྟ་སྐུལ་ཚོད་འཛིན་ལས་སྟེགས་འཛུགས་སྐྲུན་ལ་གྲུབ་འབྲས་རགས་ཙམ་ཐོབ་ཡོད། ལོ་ཧྲིལ་པོར་ཡིག་ཚགས་དང་ཁཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་1109ཉུང་དུ་ཕྱིན་པ་དང་དབུལ་ཕོངས་རྫོང་344ཡིས་དབུལ་ཞྭ་ཕུད་པ་རེད། སྦགས་བཙོག་འགོག་བཅོས་བྱེད་པར་རྒྱབ་སྐྱོར་ཧུར་ཐག་བྱས། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དེ་གཙོ་གནད་འགན་སྲུང་དང་དམིགས་བསལ་གྱི་གཏོང་སྒོའི་ཁྱབ་ཁོངས་སུ་བརྩིས་ནས་རླུང་ཁམས་ཆེན་པོ་དང་། ཆུ། ས་རྒྱུ་སོགས་ཀྱི་སྦགས་བཙོག་འགོག་བཅོས་ཀྱི་མཚོན་རྟགས་རང་བཞིན་གྱི་དམག་འཐབ་གལ་ཆེན་ཡག་པོ་རྒྱག་རྒྱུར་རྒྱབ་སྐྱོར་བྱས་ཡོད། བྱང་ཕྱོགས་ས་ཁུལ་གྱི་དགུན་དུས་དྭངས་གཙང་དྲོད་ལེན་ཚོད་ལྟ་བྱེད་ཁྱོན་ཆེ་རུ་བཏང་། ཁག་གཉིས་སུ་བགོས་ནས་གྲོང་ཁྱེར་40དེ་བཙོག་ཆུ་དྲི་ཅན་བཅོས་སྐྱོང་དཔེ་སྟོན་སྲིད་ཇུས་ཀྱི་ཁྱབ་ཁོངས་སུ་བཅུག་ཡོད། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོའི་བྱ་དགའི་སྲིད་ཇུས་མུ་མཐུད་ལག་བསྟར་བྱས་པ་དང་། འབྲི་ཆུ་སྲུང་སྐྱོང་ཆེན་པོའི་རྣམ་པ་ཆགས་པར་སྐུལ་འདེད་གང་མགྱོགས་བཏང་ཡོད། རི་ཆུ་ནགས་ཞིང་མཚེའུ་རྩྭ་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཉམས་གསོའི་ལས་གྲྭར་སྐུལ་འདེད་གཏིང་ཟབ་བཏང་བ་དང་། “མཚོ་ཁུག་སྔོན་པོ་”བཅོས་སྒྲིག་བྱ་སྤྱོད་དང་པོ་ཧའེ་རྒྱ་མཚོའི་ཕྱོགས་བསྡུས་བཅོས་སྐྱོང་ལག་བསྟར་བྱས་ཤིང་། རྒྱ་མཚོའི་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོ་བྱེད་པར་རྒྱབ་སྐྱོར་བྱས་ཡོད། ཆ་རྐྱེན་དང་མཐུན་པའི་སྦགས་བཙོག་འགོག་བཅོས་བྱེད་མཁན་ཕྱོགས་གསུམ་པའི་ཁེ་ལས་ཀྱི་ཁྲལ་ཚད་15%བར་ཉུང་དུ་བཏང་ནས་ཁེ་ལས་ཀྱི་ཐོབ་ཁྲལ་བསྡུས་པ་རེད། རྒྱལ་ཁབ་ཀྱི་ལྗང་མདོག་འཕེལ་རྒྱས་ཐེབས་རྩ་འཛུགས་པར་སྐུལ་འདེད་ཧུར་ཐག་བཏང་ཡོད། ནོར་སྲིད་དང་དངུལ་རྩའི་ཉེན་ཁ་སྔོན་འགོག་དང་སེལ་ཐབས་བྱས། “མདུན་སྒོ་ཕྱེ་བ་དང་ལྟག་སྒོ་འགོག་པའི་”བསམ་ཕྱོགས་གཞིར་བཟུང་། ས་གནས་སྲིད་གཞུང་གི་བུན་འཛིན་འགྲེམས་སྤེལ་བེད་སྤྱོད་དང་ཉེན་ཁ་སྔོན་འགོག་ཚོད་འཛིན་ལས་དོན་གཅིག་གྱུར་འཆར་འགོད་ཡག་པོ་བྱས་ཡོད། ས་གནས་ཁག་གིས་ས་གནས་སྲིད་གཞུང་གི་བུ་ལོན་སྔོན་རྩིས་དོ་དམ་གྱི་འབྲེལ་ཡོད་གཏན་འབེབས་དང་བླང་བྱ་དོན་འཁྱོལ་ནན་པོ་བྱེད་པ་དང་།  མི་དམངས་འཐུས་ཚོགས་ཀྱིས་ས་གནས་སྲིད་གཞུང་གི་བུ་ལོན་གཡར་བ་དང་། སྤྱོད་པ། འཇལ་བ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ལྟ་སྐུལ་རང་འགུལ་ངང་དང་ལེན་བྱ་རྒྱུར་སྐུལ་འདེད་བཏང་ཡོད། སུས་བཀོལ་སྤྱོད་བྱས་ན་དེས་འགན་འཁུར་བའི་རྩ་དོན་ལྟར་ཆེད་དམིགས་བུན་འཛིན་ལས་གཞི་སྡེ་ཚན་གྱི་བུ་ལོན་འཇལ་བའི་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ནས་ཆེད་དམིགས་བུན་འཛིན་གྱི་ཉེན་ཁ་སྔོན་འགོག་ནན་པོ་བྱས་ཡོད། རྒྱུན་རྣམ་ཅན་གྱི་ལྟ་སྐུལ་ཚོད་འཛིན་ལམ་སྲོལ་འཐུས་ཚང་དུ་བཏང་བ་དང་། ས་གནས་སྲིད་གཞུང་གིས་སྒྲིག་འགལ་ངང་བུ་ལོན་བླངས་པའི་འགན་འཁྲི་བདའ་འདེད་བྱེད་ཤུགས་ཆེ་རུ་བཏང་བ་རེད། ཕྱོགས་ཁག་གིས་ཐུན་མོང་ཐོག་འབད་བརྩོན་བྱས་པར་བརྟེན་ས་གནས་སྲིད་གཞུང་གི་མངོན་མེད་བུ་ལོན་གྱི་ཉེན་ཁར་འགོག་ཟོན་ནུས་ལྡན་བྱུང་ཡོད། དུས་མཚུངས་སུ་དངུལ་རྩའི་ཉེན་ཁ་ཐག་གཅོད་འོས་འཚམ་བྱ་རྒྱུར་གཞོགས་འདེགས་དང་དངུལ་རྩའི་ཁེ་ལས་ཀྱི་ནོར་དོན་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་དངུལ་རྩའི་ཁེ་ལས་ཀྱི་རྩིས་པའི་ཆ་འཕྲིན་སྤུས་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་བཏང་ཡོད།
      འདོན་སྤྲོད་ཕྱོགས་གྲུབ་ཚུལ་རང་བཞིན་གྱི་སྒྱུར་བཅོས་ལ་རྒྱབ་སྐྱོར་བྱས་ཡོད། ལག་རྩལ་སྒྲིག་ཆས་གལ་ཆེན་ཐོག་མའི་འགན་བཅོལ་ཁ་གསབ་ཚོད་ལྟ་བྱེད་པར་སྐུལ་འདེད་གཏིང་ཟབ་བཏང་ཡོད། གཏན་འཇགས་རྒྱུ་ནོར་རྙིང་འགྱུར་ཚབ་ལེན་དང་གཟིགས་སྐྱོང་མགྱོགས་སུ་གཏོང་བ་སྤྱད་འཐུས་ཀྱི་ལས་རིགས་ཀྱི་ཁྱབ་ཁོངས་དེ་བཟོ་སྐྲུན་ལས་རིགས་ཀྱི་ཁྱབ་ཁོངས་ཡོངས་རྫོགས་སུ་རྒྱ་བསྐྱེད་པ་རེད། ཚོང་ར་ཅན་གྱི་བྱེད་ཐབས་ལ་བརྟེན་ནས་འདུས་གྲུབ་གློག་ལམ་ཐོན་ལས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱས་ཡོད། “གསུམ་འདོར་གཅིག་གཅོག་གཅིག་གསབ་”ཀྱི་གྲུབ་འབྲས་སྲ་བརྟན་དུ་བཏང་བ་དང་། ཆེད་དམིགས་བྱ་དགའ་དང་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་20དུས་ཐོག་ཏུ་སྤྲད་དེ། ངར་ལྕགས་དང་རྡོ་སོལ་སོགས་གཙོ་གནད་ལས་རིགས་ཀྱི་ཐོན་ནུས་འདོར་བའི་དམིགས་འབེན་སྔ་སྣུར་དུ་ལེགས་འགྲུབ་ཡོང་བར་རྒྱབ་སྐྱོར་བྱས་ཡོད། ཀྲུང་དབྱང་གི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་རང་རིམ་གྱི་ཚན་རིག་ལག་རྩལ་ཐད་ཀྱི་གཏོང་སྒོ་སྒོར་དུང་ཕྱུར་3516.18ཡིན་པས་12.5%འཕར་ཡོད་པ་དེས་ཚན་རྩལ་གྱི་འདེགས་སྐྱོར་ནུས་པ་དང་ཚན་རྩལ་གྱི་ཆེད་དམིགས་རྣམ་གྲངས་གལ་ཆེན་མགྱོགས་མྱུར་འགག་སྒྲོལ་བྱེད་པར་རྒྱབ་སྐྱོར་བྱས་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་གྱི་ཆ་རྐྱེན་འོག་གནད་འགག་ཆེ་ཞིང་སྲོག་ཤིང་དུ་གྱུར་བའི་ལག་རྩལ་གྱི་འགག་གནད་སྒྲོལ་བའི་རྒྱལ་ཡོངས་ཀྱི་སྒྲིག་སྲོལ་གསར་གྲས་སྐྲུན་པར་སྐུལ་འདེད་བཏང་། གསར་སྤེལ་ཁུལ་58ཀྱིས་རིགས་མི་འདྲ་བའི་གཞི་རྟེན་ཚོང་ར་ཅན་དང་ཆེད་ལས་ཅན་གྱི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བར་གསར་སྣོན་དང་རྒྱབ་སྐྱོར་བྱས་པ་དང་། རིགས་མི་འདྲ་བའི་གསར་གཏོད་གཉིས་ཀྱི་གཞི་རྟེན་བཏོད་ཡོད། རྒྱལ་ཁབ་ཀྱི་གསར་དར་ཐོན་ལས་ལས་གཏོད་དངུལ་འཇོག་གི་ཁྲིད་སྟོན་ཐེབས་རྩའི་ནུས་པ་འདོན་སྤེལ་བྱས་ནས་རིམ་རྩིས་བྱས་ན་ལས་གཏོད་ཁེ་ལས་5100ལྷག་ལ་རྒྱབ་སྐྱོར་བྱས་ཡོད། ཁེ་ལས་འབྲིང་ཆུང་གི་སྤྱི་པའི་ཞབས་ཞུའི་མ་ལག་དང་མ་དངུལ་སྡུད་པའི་ཞབས་ཞུའི་མ་ལག་འཛུགས་པར་རྒྱབ་སྐྱོར་བྱས་ཡོད། ལོ་འཁོར་གོང་མའི་ཁེ་ལས་ཆུང་ཕྲན་གྱི་མ་དངུལ་སྡུད་པའི་ཁག་ཐེག་གྲོན་དངུལ་གྲོན་ཚད་2%ལས་མི་བརྒལ་བའི་ས་གནས་ལ་བྱ་དགའ་དང་ཁ་གསབ་སྤྲད། གྲོང་ཁྱེར་(ཁུལ་དང་ཆུས་)59ཡིས་དམངས་གཉེར་དང་ཁེ་ལས་ཆུང་ཕྲན་གྱི་དངུལ་རྩའི་ཞབས་ཞུ་ཕྱོགས་བསྡུས་སྒྱུར་བཅོས་ཟབ་སྤེལ་བྱེད་པའི་ཚོད་ལྟ་བྱེད་གནས་སྤེལ་བར་རྒྱབ་སྐྱོར་བྱས་ཡོད། དམངས་གཉེར་ཁེ་ལས་དང་ཁེ་ལས་འབྲིང་ཆུང་གི་རྩིས་དངུལ་ཆད་འགྱངས་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་ཡོད།
    དངུལ་འཇོག་དང་འཛད་སྤྱོད་ཀྱི་དགོས་མཁོ་ཆེ་རུ་གཏོང་བར་སྐུལ་འདེད་བཏང་ཡོད། ལོ་ཧྲིལ་པོར་ཀྲུང་དབྱང་གི་སྔོན་རྩིས་ནང་ཁོངས་ཀྱི་དངུལ་འཇོག་མ་དངུལ་སྒོར་དུང་ཕྱུར་5776གཤམ་སྤྲོད་བྱས་ཏེ། འགན་སྲུང་རང་བཞིན་གྱི་བདེ་སྡོད་ལས་གྲྭ་དང་། “ཞིང་གསུམ་”འཛུགས་སྐྲུན། རྨང་གཞིའི་སྒྲིག་བཀོད་གལ་ཆེན་འཛུགས་སྐྲུན། གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་བ་དང་གྲུབ་ཚུལ་ལེགས་སྒྲིག སྤྱི་ཚོགས་བྱ་གཞག་དང་སྤྱི་ཚོགས་བཅོས་སྐྱོང་། ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་། སྐྱེ་ཁམས་འཛུགས་སྐྲུན་ལ་སོགས་པའི་ཐད་གཙོ་གནད་དུ་རྒྱབ་སྐྱོར་བྱས་ཡོད། ས་གནས་སྲིད་གཞུང་གི་ཆེད་དམིགས་བུ་འཛིན་སྒོར་དུང་ཕྱུར་21500གསར་འཕར་བྱུང་བ་དེ་2018ལོ་ལས་སྒོར་དུང་ཕྱུར་8000འཕར་ཡོད། ས་གནས་སྲིད་གཞུང་གི་ཆེད་དམིགས་བུན་འཛིན་ལ་གྲབས་གསོག་བྱས་པའི་མ་དངུལ་དེ་ཆ་རྐྱེན་དང་མཐུན་པའི་ལས་གཞི་གལ་ཆེན་གྱི་མ་རྩའི་དངུལ་དུ་བརྩི་ཆོག་པར་བྱས་ཤིང་། འཛུགས་སྐྲུན་བྱེད་བཞིན་པའི་གཙོ་གནད་ལས་གཞི་དང་ཞན་ཆ་གསབ་པའི་ལས་གྲྭའི་མ་དངུལ་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ཡོད། རྒན་གསོ་དང་། བུ་བཅོལ། ཁྱིམ་ལས་སོགས་སྡེ་ཁུལ་གྱི་ཁྱིམ་ཚང་ཞབས་ཞུའི་ལས་རིགས་ཀྱི་ཁྲལ་གྲོན་གཟིགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་དང་། རིག་གནས་ཡུལ་སྐོར་གྱི་སོས་དལ་འཛད་སྤྱོད་ཀྱི་སྤུས་ཚད་དང་རིམ་པ་ཇེ་མཐོར་གཏོང་བར་སྐུལ་འདེད་བཏང་ཡོད། ནུས་ཁུངས་གསར་པའི་རླངས་འཁོར་ཁྱབ་སྤེལ་དང་བེད་སྤྱོད་བྱེད་པར་རྒྱབ་སྐྱོར་བྱས་པ་དང་། ནུས་ཁུངས་གསར་པའི་སྤྱི་སྤྱོད་རླངས་འཁོར་འཁོར་སྐྱོད་བྱེད་པར་ཁ་གསབ་སྤྲད་ཅིང་། ས་གནས་ཀྱིས་གློག་གསོག་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པར་བྱ་དགའ་སྤྲད་པ་རེད། གློག་རྡུལ་ཚོང་དོན་གྲོང་གསེབ་ཏུ་སྤེལ་བའི་ཕྱོགས་བསྡུས་དཔེ་སྟོན་སྤེལ་ཏེ། རྒྱལ་ཁབ་རིམ་པའི་དབུལ་ཕོངས་རྫོང་ཡོངས་སུ་ཁེབས་པར་བྱས་ཡོད། ཞིང་ལས་ཐོན་རྫས་འདོན་སྤྲོད་ཀྱི་སྦྲེལ་ཐག་མ་ལག་འཛུགས་སྐྲུན་ལ་ཁ་གསབ་རོགས་རམ་བྱས་པ་དང་། ཞིང་ལས་ཐོན་རྫས་ཐོན་སྐྱེད་བྱས་རྗེས་ཚོང་ཟོག་ཅན་དུ་བསྒྱུར་བའི་སྒྲིག་བཀོད་འཛུགས་སྐྲུན་དང་ཞིང་ལས་ཐོན་རྫས་འཁྱག་ཕྲེང་ཟོག་འགྲེམས་འཕེལ་རྒྱས་གཙོ་གནད་དུ་བཟུང་ནས་རྒྱབ་སྐྱོར་བྱས་ཡོད།
    གྲོང་ཁྱེར་དང་གྲོང་གསེབ་ས་ཁོངས་མཐུན་སྦྱོར་ངང་གོང་དུ་འཕེལ་བར་སྐུལ་འདེད་བཏང་ཡོད། ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱས། རྨོ་ཞིང་འཛུགས་སྐྲུན་གྱི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་671གཤམ་སྤྲོད་བྱས་པ་དང་། ཚད་གཞི་མཐོ་བའི་རྨོ་ཞིང་དང་རྨོ་ཞིང་གི་ཆུ་བེད་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཡོད། གསོན་ཕག་ཕྱིར་གཏོང་རྫོང་ཆེན་གྱི་བྱ་དགའ་དང་ཨ་ཧྥེ་རི་ཁའི་ཕག་ནད་བཙན་ཤེད་ངང་གསོད་པའི་ཁ་གསབ་མ་དངུལ་དུས་ཐོག་ཏུ་སྤྲད་དེ་གསོན་ཕག་ཐོན་ཚད་བརྟན་པོ་དང་འདོན་སྤྲོད་འགན་སྲུང་བྱ་རྒྱུར་རྒྱབ་སྐྱོར་བྱས་ཡོད། ཞིང་འཕྲུལ་ཉོ་སྒྲུབ་གསབ་དངུལ་སྤྲོད་པའི་སྲིད་ཇུས་རིམ་གྱིས་འཐུས་ཚང་དུ་བཏང་ཡོད། འབྲུ་རིགས་ཐོན་འབོར་ཆེ་བའི་རྫོང་ལ་བྱ་དགའ་སྤྲོད་ཤུགས་ཆེ་རུ་བཏང་། དེང་རབས་ཞིང་ལས་ཐོན་ལས་གླིང་དང་ཞིང་ལས་ཐོན་ལས་སྟོབས་ལྡན་གྲོང་རྡལ་གསར་འཛུགས་བྱེད་པར་རྒྱབ་སྐྱོར་བྱས་ཏེ། གྲོང་གསེབ་ཀྱི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་བ་རེད། གྲོང་གསེབ་ཀྱི་འཐུང་ཆུའི་ལས་གྲྭ་ཉམས་གསོ་དང་བདག་སྐྱོང་བྱེད་པའི་འགྲོ་གྲོན་དེ་ཀྲུང་དབྱང་ནོར་སྲིད་ཀྱི་རྒྱབ་སྐྱོར་བྱེད་ཁོངས་སུ་བཅུག་སྟེ། གཙོ་བོ་དབུས་རྒྱུད་དང་ནུབ་རྒྱུད་ས་ཁུལ་ལ་ཁ་གསབ་རོགས་དངུལ་སྤྲད་པ་རེད། གྲོང་གསེབ་ཀྱི་འཚོ་གནས་ཁོར་ཡུག་བཅོས་སྒྲིག་གི་ལོ་གསུམ་གྱི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱས། ནོར་ཁྲལ་གྱི་རྒྱབ་སྐྱོར་སྲིད་ཇུས་ཞིབ་འཇུག་དང་འདོན་ཐབས་བྱས་ཏེ། གལ་ཆེའི་ས་ཁོངས་འཐབ་ཇུས་ལག་བསྟར་བྱེད་པར་སྐུལ་འདེད་བཏང་། ཀྲུང་དབྱང་གིས་ས་གནས་ལ་སྤོ་སྒྱུར་གཏོང་སྤྲོད་བྱེད་པའི་གཞི་ཁྱོན་ཅུང་ཆེ་རུ་བཏང་བ་མ་ཟད། གཙོ་བོ་དབུས་རྒྱུད་དང་ནུབ་རྒྱུད་། དཀའ་ངལ་ཡོད་པའི་ས་ཁུལ་བཅས་ལ་ཕྱོགས་ཆ་ལྡན་པ་བྱས་ཏེ། ས་ཁོངས་བར་གྱི་གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་སྙོམས་ཅན་དུ་འགྱུར་བའི་ཆུ་ཚད་སྔར་བས་མཐོ་རུ་བཏང་ཡོད། གསར་བརྗེའི་གནས་གཞིའི་ས་ཁུལ་རྙིང་པ་དང་། མི་རིགས་ས་ཁུལ། མཐའ་མཚམས་ས་ཁུལ། དབུལ་ཕོངས་ས་ཁུལ་བཅས་འཕེལ་རྒྱས་མགྱོགས་སུ་གཏོང་བར་རྒྱབ་སྐྱོར་བྱས་ཡོད།
    གཞི་རྩའི་དམངས་འཚོ་འགན་སྲུང་གི་ཆུ་ཚད་བརྟན་པོའི་ངང་མཐོ་རུ་བཏང་ཡོད། ལས་ཞུགས་རྒྱ་སྐྱེད་གཏོང་བར་སྐུལ་འདེད་བཏང་། ལས་ཞུགས་སྔོན་ཐོབ་ཀྱི་སྲིད་ཇུས་ལག་ལེན་བསྟར་བར་རྒྱབ་སྐྱོར་བྱས་ཤིང་། ཀྲུང་དབྱང་ནོར་སྲིད་ཀྱི་ལས་ཞུགས་ཁ་གསབ་མ་དངུལ་གྱི་གཏོང་སྒོ་སྒོར་དུང་ཕྱུར་539ཡིན་པས་14.9%འཕར་ཡོད། ལས་ཤོར་འགན་བཅོལ་ཐེབས་རྩ་ལྷག་འཕྲོའི་ཁྲོད་ནས་སྒོར་དུང་ཕྱུར་1000བཏོན་ཏེ་ལས་རིགས་རྩལ་ནུས་མཐོར་གཏོང་ལ་རྒྱབ་སྐྱོར་བྱས་ཏེ། རིགས་ཁག་གི་ལག་རྩལ་རྩལ་ནུས་ཤེས་ལྡན་མི་སྣ་གསོ་སྐྱོང་གང་མགྱོགས་སུ་བྱས་ཡོད། ལས་རིགས་རྩལ་ནུས་མཐོར་འདེགས་དང་། ལས་གནས་དང་ལས་ཀ་སྒྱུར་བར་གསོ་སྦྱོང་བྱེད་ཚད་མིའི་ཐེངས་གྲངས་ཁྲི་1500ལས་བརྒལ་ཡོད། རང་བརྟེན་ལས་ཞུགས་ཀྱི་དམག་ཁོངས་ནས་ཕྱིར་འཐེན་པའི་དམག་མི་དང་གཙོ་གནད་ཚོགས་སྤྱིའི་ལས་གཏོད་ལས་ཞུགས་ཀྱི་ཁྲལ་འབབ་འཕྲི་འཐེན་བྱེད་ཚད་མཐོ་རུ་བཏང་བ་དང་། སྲིད་ཇུས་ཀྱི་གཟིགས་སྐྱོང་ལོངས་སུ་སྤྱོད་པའི་ཁེ་ལས་ཀྱི་ཁྱབ་ཁོངས་རྒྱ་ཆེར་བཏང་ཡོད།  ནོར་སྲིད་ཀྱིས་སློབ་གསོར་མ་དངུལ་གཏོང་ཚད་མུ་མཐུད་ཇེ་མང་དུ་བཏང་། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་དང་གྲོང་གསེབ་གཙོ་གནད་དུ་འཛིན་པའི་འོས་འགན་སློབ་གསོའི་གྲོན་དངུལ་འགན་སྲུང་ལམ་སྲོལ་སྲ་བརྟན་དུ་བཏང་བ་དང་། སློབ་ཞུགས་གོང་གི་སློབ་གསོ་དང་། ལས་རིགས་སློབ་གསོ། མཐོ་རིམ་སློབ་གསོ་བཅས་གོང་དུ་སྤེལ་བར་སྐུལ་འདེད་བཏང་ཡོད། རྒྱལ་ཡོངས་སུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་མ་ཧ་ལམ་དུང་ཕྱུར་1.5ལ་སློབ་ཡོན་རྩག་རྩིག་རྩ་ཆག་བཏང་བ་མ་ཟད།  རིན་པ་མི་དགོས་པའི་སློབ་དེབ་ཐོབ་པ་དང་། དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་སློབ་མ་ཁྲི་1900ལ་འཚོ་བའི་ཁ་གསབ་ཐོབ་ཅིང་། གྲོང་ཁྱེར་དུ་ལས་ཀ་བྱེད་པར་ཡོང་མཁན་གླ་རྒྱག་ཞིང་པའི་མཉམ་ཁྲིད་བུ་ཕྲུག་ཁྲི་1400ཡི་འབྲེལ་ཡོད་སློབ་གསོའི་གྲོན་དངུལ་རང་ཉིད་ཀྱིས་ཁྱེར་ཆོག་པ་མངོན་འགྱུར་བྱུང་། གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་མ་ཁྲི་3700ལ་འཚོ་བཅུད་ལྡན་པའི་བཟའ་བཅའི་ཁ་གསབ་ཐོབ་པ་རེད། འབྲིང་རིམ་ལས་རིགས་སློབ་གསོའི་རྒྱལ་ཁབ་ཀྱི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་བཙུགས་ཏེ། མཐོ་རིམ་ལས་རིགས་སློབ་གྲྭའི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་དང་རོགས་དངུལ་གྱི་ཁྱབ་རྒྱ་ཆེ་རུ་བཏང་བ་དང་ཁ་གསབ་ཚད་གཞི་ཇེ་མཐོར་བཏང་། མཐོ་རིམ་ལས་རིགས་སློབ་གྲྭས་སློབ་མ་ཁྲི་100རྒྱས་བསྡུས་བྱེད་པའི་དམིགས་འབེན་ལེགས་འགྲུབ་བྱུང་བར་རྒྱབ་སྐྱོར་བྱས་ཡོད། རྒན་གསོ་འགན་སྲུང་ཆུ་ཚད་ཇེ་མཐོར་བཏང་། གཞི་རྩའི་རྒན་གསོའི་འགན་བཅོལ་ལམ་ལུགས་སྒྱུར་བཅོས་དང་འཐུས་ཚང་དུ་གཏོང་བའི་སྤྱིའི་འཆར་གཞི་དངོས་སུ་བཏོན་པ་དང་། རྒན་གསོའི་འགན་བཅོལ་ཞིང་ཆེན་རིམ་པས་གཅིག་གྱུར་གྱིས་འཆར་འགོད་བྱ་རྒྱུར་སྐུལ་འདེད་བཏང་བ་རེད། རྒན་གསོའི་འགན་བཅོལ་ཐེབས་རྩའི་ཀྲུང་དབྱང་གི་སྙོམས་སྒྲིག་བསྡུར་ཚད་3.5%བར་མཐོར་འདེགས་བྱས་ཏེ། དབུས་རྒྱུད་དང་ནུབ་རྒྱུད་དང་། བཟོ་ལས་རྟེན་གཞི་རྙིང་པ་བཅས་ཀྱི་ཞིང་ཆེན་22ལ་ལོ་ཧྲིལ་པོར་ཕན་ཁེ་སྒོར་དུང་ཕྱུར་1512ཐོབ། གཞུང་དབང་མ་རྩ་ཁག་ཅིག་སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་ལས་དོན་ལ་ཁ་སྣོན་ཐད་འགོད་སྒྱུར་བྱེད་པར་སྐུལ་འདེད་ཏན་ཏིག་བཏང་བ་རེད། ཁེ་ལས་དང་། ལས་ཁུངས་དང་བྱ་ལས་སྡེ་ཚན་བཅས་ཀྱི་ལས་འཁྱུར་ངལ་གསོ་མི་སྣའི་གཞི་རྩའི་རྒན་གསོའི་འཚོ་དངུལ་གྱི་ཚད་གཞི་མཐོ་རུ་བཏང་ཞིང་། ཆ་སྙོམས་འཕར་ཚད་ཧ་ལམ་5%ཟིན་ཡོད། བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་ཡིན་པའི་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་ཁྱོན་ཡོངས་ནས་འཛུགས་པར་སྐུལ་འདེད་བཏང་སྟེ། སྡོད་དམངས་ཀྱི་སྨན་བཅོས་འགན་བཅོལ་མི་རེར་ཆ་སྙོམས་ནོར་སྲིད་ཁ་གསབ་ཚད་གཞི་སྒོར་30འཕར་སྣོན་བཏང་། མཐོང་དཀོན་པའི་ནད་རིགས་ཀྱི་སྨན་རྫས་སོགས་ཀྱི་གནས་ཐང་འཕར་ཁྲལ་ཆག་ཡང་དང་རྩ་ཆག་གཏོང་བའི་སྲིད་ཇུས་བཏོན་པ་དང་། ཁྲག་ཤེད་མཐོ་བ་དང་གཅིན་སྙིའི་ནད་ཀྱི་སྒོ་བསྟེན་སྨན་རིགས་སྨན་བཅོས་འགན་བཅོལ་གྱི་རྩིས་ཞུའི་ནང་དུ་བཅུག་པ་དང་། ནད་པ་དུང་ཕྱུར་3ལྷག་ལ་ཁེབས་པར་རྒྱབ་སྐྱོར་བྱས་པ་རེད། དམངས་འཚོའི་སྲིད་ཇུས་ཀྱིས་མཐའ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་རྟེན་འགན་སྲུང་སོགས་སྤྱི་ཚོགས་ཀྱི་སྐྱོབ་རོགས་ཆུ་ཚད་དང་གཟིགས་སྐྱོང་བྱ་ཡུལ་སོགས་མི་ཚོགས་ཀྱི་ཁ་གསབ་རོགས་དངུལ་གྱི་ཚད་གཞི་མུ་མཐུད་མཐོ་རུ་བཏང་བ་དང་། དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་སྤྱི་ཚོགས་འགན་བཅོལ་ཆད་པ་འཕྲོ་མཐུད་སོགས་ཀྱི་དཀའ་ངལ་སེལ་བའི་སྲིད་ཇུས་བཏོན་ཡོད། གཞི་རྩའི་སྡོད་ཁང་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་། སྡོད་ཁང་སྐྱོ་ཁུལ་བསྒྱུར་བཀོད་ལས་འགོ་བཙུགས་ནས་སྡོད་ཁང་ཁྲི་316བསྐྲུན་རྒྱུར་རྒྱབ་སྐྱོར་བྱས་པ་དང་། ཡིག་ཚགས་དང་ཁཱ་བཟོས་པའི་དུད་ཚང་དབུལ་པོ་སོགས་གཙོ་གནད་བྱ་ཡུལ་རིགས་བཞིའི་གྲོང་གསེབ་ཀྱི་ཉེན་ཡོད་སྡོད་ཁང་ཁྲི་135.5བསྒྱུར་བཀོད་བྱས། ས་ཁུལ་27གྱི་སྡེ་ཁུལ་ཁང་པ་རྙིང་པ་ཁྲི་352དང་སྨི་གྲུ་བཞི་མ་དུང་ཕྱུར་3.2ཟིན་ཡོད། ཀྲུང་དབྱང་ནོར་སྲིད་ཀྱིས་སྡོད་ཁང་བོགས་གཏོང་ཚོང་ར་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་པའི་ཚོད་ལྟ་སྤེལ། རིག་གནས་དང་ལུས་རྩལ་བྱ་གཞག་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་། ཀྲུང་དབྱང་གིས་ས་གནས་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་ཁ་གསབ་རོགས་རམ་བྱེད་པའི་ཆེད་དམིགས་མ་དངུལ་གྱི་གཏོང་སྒོ་སྒོར་དུང་ཕྱུར་147ཡིན་པས་14%འཕར་ཡོད། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱས་ཤིང་། རིག་གནས་ཤུལ་བཞག་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ཡོད།
    ནོར་ཁྲལ་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་ཡོད། ཀྲུང་དབྱང་དང་ས་གནས་ཀྱི་ནོར་སྲིད་འབྲེལ་བ་རིམ་གྱིས་མཐུན་སྦྱོར་བྱས། ཁྱབ་ཁོངས་དབྱེ་ནས་ཀྲུང་དབྱང་དང་ས་གནས་ཀྱི་ནོར་སྲིད་དབང་མཚམས་དང་གཏོང་སྒོའི་འགན་འཁྲི་དབྱེ་འབྱེད་སྒྱུར་བཅོས་ལ་སྐུལ་འདེད་ཧུར་ཐག་བཏང་ཞིང་། མིག་སྔར་སློབ་གསོ་དང་། ཚན་རྩལ། འགྲིམ་འགྲུལ་སྐྱེལ་འདྲེན་སོགས་ཁྱབ་ཁོངས་6གི་སྒྱུར་བཅོས་ཇུས་གཞི་བཏོན་ཡོད། ཀྲུང་དབྱང་དང་ས་གནས་ཀྱི་ཡོང་སྒོ་བགོ་སྟངས་སྔར་ལས་མཐུན་སྦྱོར་ཡོང་བ་དང་། གནས་ཐང་འཕར་ཁྲལ་“ལྔ་ལྔ་མཉམ་སྤྱོད་”ཀྱི་བསྡུར་ཚད་བརྟན་པོ་ཡོང་བ་མཐའ་འཁྱོངས་བྱས་ཡོད། གནས་ཐང་འཕར་ཁྲལ་གྱི་ཚབ་འཕྲི་ཁྲལ་སློག་གི་འགན་བགོས་ལམ་སྲོལ་ལེགས་སྒྲིག་དང་འཐུས་ཚང་དུ་བཏང་ཞིང་། འཛད་སྤྱོད་དཔྱ་ཁྲལ་བསྡུ་བའི་ལྷུ་ཚིགས་ཕྱི་སྣུར་བྱེད་རྒྱུ་ཁ་གསལ་བཟོས་པ་མ་ཟད་བརྟན་པོའི་ངང་ས་གནས་ལ་གཤམ་སྤྲོད་བྱས་ཡོད། སྔོན་རྩིས་དོ་དམ་ལམ་ལུགས་འཐུས་ཚང་དུ་བཏང་། སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་དང་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་བཏང་སྟེ། ཀྲུང་དབྱང་གི་གཞུང་དབང་མ་རྩའི་གཉེར་སྐྱོང་སྔོན་རྩིས་ལག་བསྟར་བྱེད་ཁྱོན་སྔར་ལས་ཆེ་རུ་བཏང་ཡོད། སྔོན་རྩིས་ཀྱི་ཕན་འབྲས་དོ་དམ་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། ཕན་འབྲས་ཀྱི་དམིགས་ཚད་དང་ཚད་གཞིའི་མ་ལག་འཐུས་ཚང་དུ་བཏང་ཞིང་། གཙོ་གནད་ཀྱི་ཕན་འབྲས་ལ་གདེང་འཇོག་བྱེད་ཁྱོན་མུ་མཐུད་ཆེ་རུ་བཏང་། གདེང་འཇོག་བྱས་འབྲས་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་བཏང་ཡོད། རྒྱལ་བུན་དོ་དམ་ཚོང་ར་ཅན་དུ་འགྱུར་བའི་སྒྱུར་བཅོས་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་བ་དང་། རྒྱལ་བུན་གྱི་རིགས་སྣ་དང་དུས་བཀག་གྲུབ་ཚུལ་ལེགས་སྒྱུར་བྱས་ཡོད། སྲིད་གཞུང་གི་ནོར་དོན་སྙན་ཞུ་བཟོ་འགོད་ཚོད་ལྟ་བྱེད་ཁྱོན་དེ་ཀྲུང་དབྱང་གི་སྡེ་ཁག་40དང་ས་གནས་36བར་རྒྱ་བསྐྱེད་པ་རེད། སྲིད་གཞུང་གི་ཉོ་སྒྲུབ་ལམ་ལུགས་སྒྱུར་བཅོས་རིམ་གྱིས་ཟབ་སྤེལ་བཏང་ཡོད། སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་བྱེད་པའི་དོ་དམ་ཕྱོགས་ཡོངས་ནས་ཚད་ལྡན་དུ་སྒྱུར་བ་དང་ཤུགས་སྣོན་བརྒྱབ་ཡོད། དཔྱ་ཁྲལ་ལམ་ལུགས་སྒྱུར་བཅོས་བྱེད་པར་སྐུལ་འདེད་ཤུགས་ཆེན་བཏང་། གནས་ཐང་འཕར་ཁྲལ་ལམ་ལུགས་འཐུས་ཚང་དུ་བཏང་བ་དང་། ཕྱོགས་བསྡུས་དང་རིགས་འབྱེད་ཟུང་དུ་འབྲེལ་བའི་སྒེར་འབབ་དཔྱ་ཁྲལ་ལམ་ལུགས་རགས་ཙམ་བཙུགས་ཡོད། ཐོན་ཁུངས་དཔྱ་ཁྲལ་སྐོར་གྱི་བཅའ་ཁྲིམས་ལ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་། གྲོང་ཁྱེར་སྲུང་སྐྱོང་འཛུགས་སྐྲུན་དཔྱ་ཁྲལ་སྐོར་གྱི་བཅའ་ཁྲིམས་དང་གན་རྒྱའི་དཔྱ་ཁྲལ་སྐོར་གྱི་བཅའ་ཁྲིམས་ཀྱི་མ་ཟིན་གོ་རིམ་ལྟར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་ཐོག་མའི་གྲོས་ཞིབ་བྱ་རྒྱུར་ཕུལ་ཡོད། བརྟན་པོ་དང་རྒྱུན་མཐུད་ཐུབ་པའི་ས་གནས་ཀྱི་དཔྱ་ཁྲལ་མ་ལག་རིམ་བཞིན་འཛུགས་པར་ཞིབ་འཇུག་བྱས། གཞུང་དབང་མ་རྩ་དང་གཞུང་དབང་ཁེ་ལས་སྒྱུར་བཅོས་བྱེད་པར་སྐུལ་འདེད་ཧུར་ཐག་བཏང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་རྒྱལ་ཡོངས་ཀྱི་གཞུང་དབང་རྒྱུ་ནོར་དོ་དམ་གྱི་སྤྱིའི་གནས་ཚུལ་སྙན་སེང་ཞུས་ཡོད། གཞུང་དབང་མ་རྩའི་དངུལ་འཇོག་དང་གཉེར་སྐྱོང་ཀུང་སི་སྒྲིག་འཛུགས་བྱེད་པར་སྐུལ་འདེད་ཧུར་ཐག་བཏང་ཞིང་། ཀྲུང་གོའི་རྒྱལ་ཁབ་ལྕགས་ལམ་ཚོགས་ཁག་ཚད་ཡོད་ཀུང་སི་དང་ཀྲུང་གོའི་སྦྲག་སྲིད་ཚོགས་ཁག་ཚད་ཡོད་ཀུང་སི་གཉིས་ཀའི་ལམ་ལུགས་སྒྱུར་བཅོས་བྱེད་པར་སྐུལ་འདེད་བཏང་ཡོད། གཞུང་དབང་དངུལ་རྩའི་མ་རྩའི་དོ་དམ་སྒྲིག་སྲོལ་རིམ་གྱིས་མཐུན་སྦྱོར་ཡོང་བར་བྱས།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།