ང་དང་འཇིག་རྟེན་གྱི་བར་དུ།

རྩོམ་པ་པོ།   ♦པེ་ཏའོས་བརྩམས། ཁྲོམ་ནག་པོས་བསྒྱུར།དུས་ཚོད།   2020-06-12   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།


ང་དང་འཇིག་རྟེན་གྱི་བར་དུ།

ཁྱོད་ནི་མཚོ་ཁུག་རེད། གཡོར་གྲུ་རེད།

ཐག་པ་བརྐྱངས་པའི་སྣེ་གཉིས་རེད།

ཁྱོད་ནི་ཆུ་མིག་རེད། རླུང་རེད།

དྭངས་ཤིང་གསལ་བའི་བྱིས་དུས་ཀྱི་འབོད་སྒྲ་རེད།

ང་དང་འཇིག་རྟེན་གྱི་བར་དུ།

ཁྱོད་ནི་རི་མོའི་སྒྲོམ་གཞི་རེད། སྒེའུ་ཁུང་རེད།

རི་སྐྱེས་མེ་ཏོག་བཞད་པའི་ཞིང་གྲོང་རེད།

ཁྱོད་ནི་དབུགས་རྒྱུན་རེད། མལ་ཁྲིའི་གཅལ་རེད།

སྐར་མར་འདུག་རོགས་བྱེད་པའི་མཚན་མོ་རེད།

ང་དང་འཇིག་རྟེན་གྱི་བར་དུ།

ཁྱོད་ནི་ལོ་ཐོ་རེད། ཕྱོགས་སྟོན་འཁོར་ལོ་རེད།

མི་མངོན་པའི་ཁྲོད་དུ་ཤུད་པའི་འོད་ཐིག་རེད།

ཁྱོད་ནི་ལོ་རྒྱུས་རེད། དཔེ་རྟགས་རེད།

ཆེས་མཐའ་མར་བྲིས་པའི་གླེང་གཞི་རེད།

ང་དང་འཇིག་རྟེན་གྱི་བར་དུ།

ཁྱོད་ནི་སེང་རས་རེད། སྨུག་པ་རེད།

རྨི་ལམ་ནང་དུ་ཤར་བའི་གློག་འོད་རེད།

ཁྱོད་ནི་གླིང་བུ་རེད། ངག་མི་སྨྲ་བའི་གླུ་རེད།

རྡོ་བར་བརྐོས་པའི་མིག་དབང་རེད།

ང་དང་འཇིག་རྟེན་གྱི་བར་དུ།

ཁྱོད་ནི་གཅོང་རོང་རེད། རྫིང་བུ་རེད།

མར་ལྟུང་བཞིན་པའི་གཡང་གཟར་རེད།

ཁྱོད་ནི་རིབ་མ་རེད། བར་གྱང་རེད།

ཕུབ་སྟེང་གི་ཡལ་བ་མེད་པའི་རི་མོ་རེད།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།