བར་སྐོར།

རྩོམ་པ་པོ།   ཕུར་བཀྲ།དུས་ཚོད།   2020-06-08   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

བར་སྐོར་དུ་སླེབས་རྗེས།

ངས་ཁྱོད་ལ་འཕྲིན་ཡིག་བྲི་རྒྱུའང་བརྗེད་སོང་།

ངས་བར་སྐོར་གྱི་མི་རེ་རེའི་གདོང་གི་གཉེར་མ་ལས།

འུ་ཅག་ཐུན་མོང་གི་མ་འོངས་པ་རྙེད་བྱུང་།

གཙུག་ལག་ཁང་གི་བར་སྐོར་ནས།

ཤེས་རབ་ཀྱི་ཀླུང་ཆེན་པོ་ཞིག་ཀྱང་ཁད་ཀྱིས་རྙེད་བྱུང་།

བར་སྐོར་ནས།

ཡབ་གཞིས་དང་སྒོ་ར་རེ་རེ་བཞིན་བཙལ་ནས་མ་སོང་མོད།

མཚམས་རེར་ཡབ་གཞིས་དང་སྒོ་ར་རེ་རེ་མཐོང་གིན་འདུག

བར་སྐོར་ནས་ཁང་བ་སེར་པོ་འགའ་ཡང་མཐོང་བས།

ངས་སྨིན་དང་མ་སྨིན་པའི་གཏམ་རྒྱུད་ལའང་ངེས་ཤེས་རྙེད།

བར་སྐོར་དུ་ཁྱི་གུ་ཁ་ཤས་ཁྲིད་པའི་སྤོ་ལགས་དེ་སླེབས་དུས།

མི་མང་པོས་སྤོ་ལགས་གཡས་སྐོར་གཡོན་སྐོར་བྱེད་འོང་།

བར་སྐོར་དུ་སླེབས་རྗེས།

ངས་ཁྱོད་ཀྱི་ཕ་ཡུལ་བརྗེད་པའང་།

རྒྱུ་མཚན་གཏན་ནས་མེད་པ་ཞིག་མིན་ཏེ།

ཚོང་ཟོག་ལྷ་སར་འདྲུད་མཁན་ཚོས་ཀྱང་རང་གི་ཕ་ཡུལ་བརྗེད་འདུག

ཇོ་བོའི་གསེར་ཞལ་མཇལ་དུས།

ངས་ཁྱོད་ཀྱི་ཕ་ཡུལ་མི་བརྗེད་པའི་སྨོན་ལམ་བཏབ་པར་མ་ཟད།

ཇོ་བོའི་ན་བཟའ་ཡང་ཁྱོད་ལ་ཁྱིམ་རྟེན་དུ་བསྐུར་འདོད་བྱུང་།

ཡིན་ནའང་། འུ་གཉིས་ཁྱིམ་གཅིག་ལ་འཛོམས་ཐབས་མེད་པས།

ངས་སྨོན་ལམ་འདེབས་པ་གཅིག་པུས་རང་སེམས་གསོ་དགོས་བྱུང་།

ངས་བར་སྐོར་ནས་ཁྱེད་ལ་གྲ་ནང་སྣམ་བུ་ཞིག་བསྐུར་ཡོད།

ངས་ལྷ་ས་ནས་ཁྱོད་ལ་ཕྱུ་པ་སྤུས་དག་ཅིག་ཀྱང་བསྐུར་ཡོད།

དེ་བས་ངས་ཁྱོད་ཀྱི་ཕ་ཡུལ་བརྗེད་ནའང་ང་ལ་ལེ་བདའ་མ་བྱེད། 

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།