སེམས་སུ་ཕབ་པའི་སྙན་ངག་ཚན་པ་གཉིས།

རྩོམ་པ་པོ།   དངོས་གྲུབ་ཚེ་བརྟན། དུས་ཚོད།   2020-06-08   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

ནམ་གུང་གི་དྲན་གདུང་།

ནམ་གུང་དུ་དྲན་གདུང་ནི་མེ་ལྕེ་དང་འདྲའོ།།

དྲག་ཏུ་འབར་ཞིང་ཕྱོགས་གང་ས་ནས་མཆེད་ཡོང་།

ནམ་གུང་གང་མང་དུ་ང་དང་ངའི་ཐ་སྙད་དག

དྲན་གདུང་གི་བུད་ཤིང་ཁོ་ན་ཡིན།

ནམ་གུང་དུ་དྲན་གདུང་ནི་གཙང་བོ་དང་འདྲའོ།།

རབ་ཏུ་འཕྱོ་ཞིང་ཤིན་ཏུ་གཡོ།

ནམ་གུང་གང་མང་དུ་མཚན་མོ་བསྐྱོར་ནས།

དྲན་གདུང་ནི་ཁྱེད་ཀྱི་བཞུར་ཕྱོགས་ལ་སེམས་ཁྲལ་གནང་མཁན་རང་ཡིན།

ཉོན་དང་།

ལྷིང་འཇགས་ཁྲོད་ཀྱི་གདངས་དབྱངས་ནི་ཅི་འདྲའི་སྙན་ཨང་།

སྡུག་དམོད་དང་འཁང་ར་མེད་པའི་སྒྲ་དེ་དག

གླིང་བུ་བཞིན། རྫི་གླུ་ལྟར།

ག་ས་གང་ནས་གྲག་འོང་།

མཚན་མོ་དེར།

མཚན་མོ་དེར།

རླུང་ནི་དར་ཅིག་གཉིད་དུ་ཡུར།

སྒེའུ་ཁུང་ནང་དུ་ཟླ་འོད་ཟ་ཟི་གཡོ་བཞིན་འགུལ།

སྤྲིན་གསེབ་ཀྱི་རི་མོ་སྙིང་ལ་བཞད་པ་ཡི་གར་འོང་།

ཁྱེད་ཀྱིས་སྤྲིན་ལ་བལྟས་ཤིང་ཟླ་བར་གཟིགས།

ངས་ནི་ཁྱེད་ལ་བལྟས་ཏེ་གཏམ་རྒྱུད་འཆད།

མཚན་མོ་དེར།

སྐྱེ་སྔོན་གྱི་ཁ་བ་ཁྱོད་དང་ངའི་རི་ཀླུང་དུ་བབས།

ཁྱེད་ཀྱིས་ཁ་བའི་ནང་དུ་སྙན་ཚིག་བྲིས།

ངས་ཁྱེད་ཀྱི་ཤིན་ཏུ་འཁྱག་པའི་ལག་པ་རང་གི་བྲང་གར་སྦྱར།

ཁྱེད་ཀྱི་གཡའ་དག་པའི་མིག་ཟུང་གིས་ངའི་སེམས་ཀྱི་ཉིན་སྲིབ་བསྲོས།

ངས་མཚན་མོ་གང་ཞིག་གི་ཚེ་ན།

མཚན་མོ་དེ་ཁོ་ན་རབ་ཏུ་དྲན་སྲིད་པས།

ལྷོ་མཐའི་གྲོང་རྡལ་ཞིག་ཏུ་ཁྱེད་དང་འཕྲད་པའི་དུས་ཆད་བཏབ། 

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།