དཀར་ལས་དང་དཀར་ཟས།

རྩོམ་པ་པོ།   དུས་ཚོད།   2020-06-02   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

         སྤྱིར་བཏང་དུ་འབྲོག་པར་ནངས་ཇ་དང་།  དྲོས་ཇ།  ནུབ་ཇ་གསུམ་དུ་དབྱེ་ནས་ཟ་མ་བཟའ་སྲོལ་ཡོད་ལ།  དེའི་ཁར་དགོང་ཇ་སྣོན་པའང་ཕལ་ཆེར་དུ་སྣང་། 

         ནངས་ཇ་ལ་ཕལ་ཆེར་གྱིས་འོ་ཇ་དང་།  མར་ཕྱུར་རྩམ་གསུམ་གྱིས་གཏུལ་མ་བྱས་ན།  སྟབས་བདེ་ལ་ཟས་བཅུད་ཀྱི་མཆོག་ཏུ་བརྩི། 

         དྲོས་ཇ་ལ་ཡང་རྩམ་པ་བརྫིས་ནས་ཟ། 

         དགུང་ཇ་ནི་ཕྱི་དྲོ་ཁ་གསབ་ཀྱི་ཚུལ་ཡིན། 

        ནུབ་ཇ་ལ་ནུབ་ཚ་ཟེར་ནས་ཇ་ཐུག་ཅི་འཛོམས་བྱེད།  ནུབ་ཇའི་འཕྲོ་ལ་ཞོ་འཐུང་ན།  ཟས་འཇུ་ཞིང་ཕོ་བ་བདེ་ལ་གཉིད་སྐྱིད་པ་སོགས་ཀྱི་ཕན་ནུས་ཡོད་པས།  ཆུང་བཞི་དང་རྒས་བཞི་ལ་གལ་ཆེན་བྱེད།  ཟས་སྣ་དཀར་གསུམ་མངར་གསུམ་སོགས་བཟའ་བཏུང་གི་མགོ་ལ།  སོ་སོའི་ཡིད་ཀྱི་མོས་པ་བསྐྱེད་པའམ་ཡང་ན་ངག་དང་ལག་གིས་དཀོན་མཆོག་གསུམ་ལ་མཆོད་འབུལ་རེ་མི་བྱེད་པ་མེད། 

        འབྲོག་མི་ཚོར་མཚོན་ན་རྒྱུན་སྤྱོད་ཁ་ཟས་མེད་དུ་མི་རུང་བ་ནི་ཇ་མར་རྩམ་གསུམ་ཡིན།  མར་ཕྱུར་དང་། ཞོ།  འོ་མ་གསུམ་ལ་དཀར་གསུམ་ཟེར།  འབྲོག་མིའི་ཁྱད་པར་གྱི་ཟས་སྣ་ནི་ཤ་ཐུད་གོར་གསུམ་ཡིན།  མི་ཕྱུགས་ཀུན་ལ་མཁོ་བ་ནི་ཚྭ་ཁུ་ཡིན།  ཟས་སྣ་་འདི་དག་བསྒྲིགས་འཛོམས་ཀྱི་ཆ་རྐྱེན་ནི་འབྲོག་ཁྱིམ་ཀུན་ལ་ཡོད་ཀྱང་དཀོན་མོད་ཀྱི་ཁྱད་པར་ཙམ་ཡོད།  ཇ་ཐོག་ཀུན་ལ་མ་སྲུས་ལག་མ་བྱས་ན་མཉམ་དུ་ཟ་བཏུང་བྱེད།  ལག་མ་སུ་ཡིན་ཡང་ལག་པ་གཡས་པས་གཞན་ལ་ཇ་བསུ་བ་དང་། ལག་པ་གཉིས་ཀྱིས་གསོལ་ཇ་སྟེར་བ།  གོང་རིམ་དང་རྒན་རིམ་གྲོགས་མགྲོན་སོགས་བཞུགས་པའི་མདུན་ནས་མི་འགྲོ་བ།  ཁྱད་པར་དུ་རྒྱབ་བསྟན་ནས་མི་འགྲོ་བ་སོག་ཀྱི་གོམས་སྲོལ་ཡོད། 

 གཅིག  འོ་མ།  

       འབྲོག་པའི་བཟའ་བཏུང་ཁྲོད་ཀྱི་འོ་ཞོས་ལས་སྣོན་བྱས་པའི་ཟ་མ་ཚང་མ་རྩ་བ་ཕྱུགས་ལས་བྱུང་བ་ཡིན་ཞིང་།  དེའང་ལས་སྣོན་དང་ཐོན་སྐྱེད་བྱེད་ཐབས་ཀྱི་རིག་གནས་ཤིག་ཡོད་པ་ནི་སྨྲ་མི་དགོས་སོ།།

       མོ་ཕྱུགས་རྩེབས་པ་ནས་འོ་མ་བཞོ་ཐུབ་པ་ལ་ཁྲིད་མ་ཞེས་ཟེ་ར་ཞིང་།  བེའུ་རྩེབས་ནས་ལོ་གཅིག་འགོར་པ་སྟེ།  ཡ་རུར་གྱུར་པའི་མོ་ཕྱུགས་ལ་ཡར་མ་ཟེར།  ཁྲིད་མ་དང་ཡར་མ་གཉིས་ཀྱི་འོ་མ་ཡར་འོ་བཟང་ཟེར།  ནུ་འོ་མེད་པའི་འབྲོག་མོའི་བྱིས་པ་ལ་ལ་ཡར་འོས་གསོས་ནས་ལག་ཆགས་པ་མང་པོ་ཡོད།  བེའུ་འམ་ཡ་རུ་ཤི་བའི་འབྲི་མོ་བཞོན་མས(བཞོན་མ་ལ་དོན་གཉིས་ཏེ།  འོ་མ་བཞོ་རྒྱུ་ཡོད་པའི་མཛོ་མོ་དང་།  བ་མོ།  འབྲི་མོ་སོགས་ལ་བཞོན་མ་་དང་།  འོ་མ་འཇོ་མཁན་གྱི་བུད་མེད་ལའང་བཞོན་མ་ཟེར་བ་ལས།  སྐབས་འདིར་ཕྱི་མ་ལ་འཇུག་གོ)ལག་བཞོས་ཀྱི་ནུ་མ་སྐམ་དུ་མ་བཅུག་པ་ལ་ལག་ཡར་ཟེར། 

        སྤྱིར་བཏང་དུ་འབྲི་མོ་བཞོ་བའི་དུས་ལ་གཉིས་ཏེ།  ནངས་མོའི་སྐབས་ལ་ནངས་བཞོ་དང་ །  ཉིན་གུང་གི་སྐབས་ལ་གུང་བཞོ་ཟེར།  ས་ཆ་ལ་ལར།  ནངས་བཞོ་འཕྱི་ཙམ་གྱིས་བཞོ་ཐེངས་གཅིག་བྱེད་པའང་ཡོད། 

འབྲི་མོ་བཞོ་སྐབས།  སྔོན་ལ་བེའུ་འམ་ཡ་རུར་ནུ་མ་བསྣུན་ཏེ་འོ་མ་བབ་པའི་མཚམས་སུ།  བེའུ་འམ་ཡ་རུའི་ནུ་ཁ་འཕྲོགས་ན་འབྲི་མོའི་ནུ་མའི་ནང་གི་འོ་མ་ལྷག་མ་རྣམས་བཞོན་མས་བཞོ་ཟེའུ་ནང་དུ་བཞོ་བར་བྱེད།  བཞོན་བཞོ་སྐབས།  བཞོན་ལེགས་པར་འགྲུབ་ཆེད།  བཞོན་མས་འབྲི་མོ་ལ་ལག་ཚོགས་ཞེས་ལག་པ་ཟུང་རྩིད་ཐག་ཅིག་གིས་འོས་འཚམ་གྱི་སྡོམ་པར་བྱེད། 

      འོ་མ་མང་ཉུང་གི་ཆ་ན་བཤད་ན།  མཛོད་མོའི་འོ་མ་ནི་ཆེས་མང་བ་དང་།  དེའི་འཕྲོར་ཁྲིད་མི་འོ་མ་ཡིན།  ཡར་མའི་འོ་མ་དེ་དག་ལ་ཉུང་བ་ཡིན་ཡང་།  འོ་མ་བཟང་བོ་ཡར་འོ་ཡིན། 

གཉིས། མར་ཕྱུར།

      འོ་མ་ཉིན་རེ་བཞིན་ཟངས་ཆེན་གྱི་ནང་ནས་བསྐོལ་ཏེ། འོ་གཞོང་འགའ་རེའི་ནང་བརྟེན་ནས་འོ་མའི་ཁ་ལ་རིམ་བཞིན་སྤྲིས་མ་ཆགས་ཐུབ་པར་བྱེད། སྤྲིས་མ་བསོགས་ནས། འོ་ཟོམ་དང་ཡང་ན་འོ་རྐྱལ་གྱི་ནང་ནས་དྲོད་ཚད་རན་པས་དཀྲུགས་ཏེ། མར་དང་འོ་ཆུ་ཁ་ཁ་བྱས་ནས་མར་གསར་ལེན་པར་བྱེད། ཡང་། འོ་ཆུ་དེ་དང་སྤྲིས་མ་བླངས་པའི་འོ་མ་ལ་སྐྱུར་ཅུང་ཙམ་ཕབ་སྟེ་བསྐོལ་ནས་གདུས་ཚེ། ཕྱུར་བ་དང་ཕྱུར་ཁུ་དྭངས་སྙིགས་འབྱེད་ཐུབ་ལ། དེ་བཙགས་ནས་རགས་ཞིབ་གང་མཁོ་བྱས་ཏེ། ཕྱུར་ཐང་བཀྲམ་ནས་བསྐམ་ན། ཕྱུར་བ་ཟེར་བའི་འབྲོག་ཟས་དེ་བྱུང་བ་རེད། དེ་གཉིས་ལ་མར་ཕྱུར་ཟེར།

གསུམ། འོ་ཇ།

        ཇ་ནི་འབྲོག་མིའི་བཟའ་བཏུང་གི་འཚོ་བའི་ནང་མེད་ཐབས་མེད་པ་ཞིག་སྟེ། མཐོ་སྒང་ལྷགས་རླུང་ཆེ་སྟབས་ཇ་འཐུང་ན་རྒྱུན་དུ་ལུས་ལ་དྲོད་འཛིན་ཞིང་། ཤ་ཟས་དང་སྣུམ་ཟས་ཅི་དགར་སྤྱད་ཀྱང་ཁོག་ནས་འཇུ་ཐུབ་པའི་དགོས་མཁོ་ཡོད། ཇ་ལོ་ལ་ཤར་ཇ་དང་ལྷོ་ཇ་ཟེར་བ་ཡོད། དེ་ནི་ཇ་ཐོན་ཕྱོགས་དང་ཇ་ལོ་རགས་ཞིབ་ཀྱི་ཁྱད་ཙམ་ཞིག་རེད། ཇ་ལོ་དེ་རྫ་ཆུ་དྭངས་མའི་ནང་ནས་གདུ་ཁོལ་སྤྲད་དེ་འོ་མ་དང་བསྲེས་པ་ལ་འོ་ཇ་ཟེར།

བཞི། ཞོ།

       ཞོ་ནི་འོ་མ་བསྐོལ་ཏེ། ནམ་ཚའི་དྲོད་གྲང་གཞལ་ནས། དྲོད་ཚད་རན་པར་ཐོན་ཚེ་རུ་མ་བརྒྱབ་སྟེ་བསྙལ་ནས་ཆགས་པ་དེ་ལ་ཟེར། དེ་ལ་རློན་ཞོ་དང་ཤང་ཞོའི་དབྱེ་བ་བྱེད་ཆོག་འོ་མའི་སྤྲིས་མ་མ་བླངས་པའི་ཞོ་ལ་རློན་ཞོ་དང་། སྤྲིས་མ་བླངས་པའི་ཞོ་ལ་ཤང་ཞོ་ཟེར། དེ་ནི་སྣུམ་བཅུད་མང་ཉུང་གི་ཁྱད་པར་ཡིན་པས། བཏུང་བ་བོས་རང་གི་ལུས་ཁམས་ལ་གང་འཕྲོད་བྱེད་ཆོག

ལྔ། སྤྲིས་མར།

         ཕྱུགས་ཕྲུག་བཙས་ནས་ཉིན་འགའ་ལ་བཞོས་པའི་འོ་མ་ནི་མདོག་སེར་ཞིང་ནུར་ལ། ཁ་སྐད་དུ་སྤྲི་ཟེར། དེ་ལས་ཡང་སྤྲུ་ཕྱུར་དང་སྤྲུ་མར་ཟེར་བའི་དཀར་གསུམ་གྱི་མཆོག་བླངས་ཆོག དེ་བྱིས་པས་ཟོས་ན་རུས་པ་སྲ་ཞིང་ལུས་སྟོབས་རྒྱས་པར་བྱེད་ཟེར།

 དྲུག ཕྱུར་ཁུ།

       ཕྱུར་ཁུ་ནི། ཕྱུར་བ་བཙགས་རྗེས་ཀྱི་སྔོ་ཁུ་དེ་ཡིན། ཕྱུར་ཁུས་བུད་མེད་ཚོའི་སྐྲ་དང་གོས་བཀྲུས་ན་འདག་རྫས་ཀྱི་གོ་ཆོད་ལ། ཕྱུགས་རིགས་ལ་བླུད་ན་ཤ་ཤེད་རྒྱས་པར་ཕན་ཟེར། དེའི་མིང་ལ་སྔོ་ཁུ་ཟེར་བ་ཡང་ཡོད། བཞོན་ཟོག་རྔ་བྲན་གྱི་རིགས་སྔོ་ཁུ་ལ་དགའ། སྔོ་ཁུ་བླུད་ན་འོ་མ་ཟེ་མང་ལ་འགྲོ་ཟེར།

བདུན། བཞོ་ཤས།

        འབྲོག་ཁུལ་ལ་ལའི་བཞོན་མས་བཞོ་ཟེའུ་ནང་ལ་ཆེད་དུ་ཆགས་པར་བྱས་པའི་འོ་གསར་ཟེགས་མ་བསོགས་ནས་བསྐོལ་བ་ལ་བཞོ་ཤས་ཟེར། དེ་བསྐོལ་ནས་ལྡག་གླ་བྱས་པ་རྒན་པས་སྤྱད་ན། རླུང་མི་ལྡང་བ་སོགས་ལ་ཕན། བཞོ་ཤས་ཀྱང་ཞོ་དང་མར་ཁུ། མར་ཞུན་སོགས་དང་འདྲ་བར་སྣུམ་བཅུད་ཧ་ཅང་ཆེ་བའི་དཀར་ཟས་སུ་གཏོགས་སོ།།

བརྒྱད། རྩམ་པ།

       རྩམ་པ་ཟེར་བ་ལ། ནས་རྩམ། གྲོ་རྩམ། སྲན་རྩམ། གྲོ་མའི་རྩམ་པ་སོགས་ཡོད། བོད་ཁུལ་འབྲོག་མིའི་འཚོ་བའི་བཟའ་འབྲུ་གཙོ་བོ་ནས་དང་གྲོ་ཡིན། དེ་ལ་རྒྱུ་མཚན་བཞི་ཡོད་པ་འདྲ།

       གཅིག གངས་ལྗོངས་འབྲོག་ཁུལ་ལ་ཐག་ཉེ་བའི་རོང་ཁུལ་གྱི་ས་ཞིང་ལས་ཐོན་ཐུབ་པའི་འབྲུ་རིགས་ཀྱི་གཙོ་ཆེ་བ་ནི་གྲོ་ནས་སྲན་གསུམ་ཡིན་པས། དེ་འབྲོག་དམངས་ལ་མཁོ་སྤྲོད་དང་ཉོ་ཚོང་བྱེད་པར་སྟབས་བདེ་ལ། འབྲོག་མི་ཚོས་ཁལ་རྒྱབ་ནས་རང་ཁྱིམ་ལ་ལོན་ཐུང་པ་རེད།

      གཉིས། འབྲུ་ནས་དེ་དག་སྒྱེ་མོ་དང་སྒྲོ་བ་སོགས་སྣོད་ཀྱི་ནང་ནས་ལོ་དུ་མ་ལ་གསོག་འཇོག་བྱས་ཀྱང་ཐུབ་པས། དངོས་རྫས་སྐྱེལ་འདྲེན་སྟབས་མི་བདེ་བའི་འབྲོག་དམངས་ལ་ཕན་པ་ཆེ།

      གསུམ། འབྲོག་མིའི་ཁྱད་ཆོས་ལྟར་ཕྱི་རི་མགོ་ལ་འགྲོ་གྲངས་མང་བ་དང་། འདུག་ཡུན་རིང་བ། ཡངས་པའི་རྩྭ་ཐང་དང་མཐོ་སྒང་རི་ཁུལ་དུ་སྐྱས་སྤོར་བྱེད་དགོས་ཕྱིར། རང་གིས་སྔོ་འཐགས་བྱས་པའི་ནས་རྩམ་ཡོད་ན། ཐབ་ཆས་མང་པོ་མི་དགོས་པར། ཇ་ཆུ་ཁོལ་བ་ཙམ་གྱིས་ཟོས་ཆོག

      བཞི། རྩམ་པ་ཟོས་ན་ལྟོ་བཅུད་ཆེ་ལ། རི་ནས་དྲོ་འཁྱག་གིས་ཆམ་པ་ཕོག་པ་དང་རྒན་པ་ལ་རླུང་མི་ལྡང་ཆེད་ནས་རྩམ་ཟ་བ་དང་། རྩམ་ཁུ་ཇ་ཐང་སོགས་བསྐོལ་ནས་འཐུང་ན་ཕན་པ་ཆེ་བ་སོགས་ཀྱི་ལག་བླང་ཡོད་པར་བཤད།

དེའི་སྟབས་ཀྱིས་འབྲོག་མིའི་ཟས་ཀྱི་གཙོ་བོ་ནི་ནས་རྩམ་དཀར་མོ་ཡིན། གཏམ་དཔེ་ལ། ཟས་གཅིག་ཐུབ་ནས་རྩམ་དཀར་མོ་ཡིན་ཟེར། དེ་ནི། ནས་སྔོན་བརྔོས་ནས། ནས་ཁྲ་བྱས་ཏེ་ལག་མཆིག་གིས་འཐག་པའི་ཐབས་ལས་བྱུང་བ་ཡིན།

དགུ། ཐུད།

       ཐུད་ལ་གཉིས་ཏེ། ཐུད་དཀར་ནི། ཕྱུར་ཞིབ་སྐམ་རློན་རན་པ་མར་གསར་དང་མཉམ་དུ་བསྣོས་ནས། ཐུད་ཤིང་གི་བཞི་སོར་གཉིས་གསུམ་གྱི་སྲབ་མཐུག་ཅན་གྱི་ནང་དུ་བསྲེས་ནས་བཟོས་པ་ལ་ཐུད་དཀར་ཟེར་བ་དང་། གྲོ་མ་རྔོད་འཐག་བྱས་ནས་མར་ཕྱུར་དང་མཉམ་དུ་བསྣོལ་ནས་བཟོས་པའི་ཐུད་མདོག་སྨུག་པོ་ཅན་ལ་ཐུད་ནག་ཟེར།

བཅུ། ཞུན།

         ཕྱུར་ཞིབ་དང་ནས་རྩམ། ཡང་ན་གྲོ་མའི་རྩམ་པ། སྦྲང་སེར་དང་སྦྲང་ནག་གང་འཛོམས་བསྲེས་ནས་མར་ཁུས་དཀྲུགས་པ་ལ་ཞུན་ཟེར། སྦྲང་རྩི་དང་མར་ཁུ་བསྲེས་པ་ལ་མར་ཞུན་ཟེར། རྒན་པའི་གློ་རླུང་ལ་ཕན་ཟེར། ཐུད་དཀར་ནག་དང་ཞུན་གྱི་རིགས་དེ་དག་གི་སྟེ་དུ། གཡུང་དྲུང་དང་། དཔལ་བེའུ་ཉི་ཟླ་སོགས་བཀྲ་ཤིས་པའི་རི་མོས་མར་རྒྱན་བྱས་ན། ལོ་སར་དང་། དགའ་སྟོན། བག་མ་གཏོང་ལེན། མགྲོན་འབོད་སོགས་ཀྱི་སྐབས་སུ་རྟེན་འབྲེལ་གྱི་མཚོན་བྱེད་མཆོག་ཏུ་གྱུར་བའི་བཅུད་ལྡན་ཟས་མཆོག་ཏུ་བརྩི།

བཅུ་གཅིག སྣུམ་གོར།

       སྣུམ་གོར་གྱི་རྒྱུ་ཆ་གཙོ་བོ་གྲོ་ཕྱེ་ཡིན། འབྲོག་སར་མོད་པའི་ཕྱེ་ནི། རོང་གསུམ་གྱི་ཆུ་མཆིག་ལ་འཐག་པའི་གྲོ་ཕྱེ་ཡིན། གྲོ་ནས་ཉུང་ཙམ་ཡིན་ན་འབྲོག་མི་རང་གིས་རང་བཟོས་རྡོ་མཆིག་ཆུང་བ་ལག་མཆིག་ཟེར་བ་ལ་རྒྱུན་དུ་འཐག་ཆོག གོ་རེ་སྒྲོག་རྒྱུ་དང་རྡེའུ་རུག་ཟེར་བ་སོགས་གྲོ་རྗེན་གྱིས་བཅས་ནས་མར་ཁུའི་ནང་དུ་བཙོ་དགོས། གྲོ་ཕྱེའམ་གྲོ་རྗེན་གྱིས་ཟས་སྣ་གཞན་གང་མང་བྱས་ཆོག དཔེར་ན། ཆུ་མང་གི་བཙོ་གོར་ཐལ་བའི་ནང་བསྲེག་གོར་བྱས་ཀྱང་ཆོག གཞན་ཡང་། སྣུམ་གོར་ཤ་པ་ལི་དང་། བཙོ་གོར་ཤ་མོག་མོག་སྲེག་གོར་ཕྱུར་གསར་སྒོག་ཉོག་སོགས་བྱས་ཆོག

བཅུ་གཉིས། གྲོ་མ་མར་ཁུ།

         གྲོ་མ་ནི་སྔོ་ཚོད་གྲོ་ཡས་ཏེ། རྩྭ་སྨན་འབྲི་ཏ་ས་འཛིན་ལ་རིགས་ཅུང་འདྲ་བའི་གྲོ་ལོ་ཟེར་བའི་རྩྭ་ལྡུམ་གྱི་རྩྭ་བར་སྨིན་པ་ཞིག་སྟེ། སྟོན་དཔྱིད་གཉིས་ལ་འབྲོག་པའི་མཚེར་ལྷས་གར་ཡོད་ནས་བརྐོས་ཆོག གྲོ་མ་མངར་ལ་བཟང་ཤོས་ནི་སྟོན་གྲོ་ཡིན། གྲོ་མ་སྐམ་པོ་བཙོས་ནས་མར་ཁུ་དང་བསྲེས་པའི་མིང་ལ་གྲོ་མ་མར་ཁུ་ཟེར། དེ་གཉིས་ཧ་ཅང་མཐུན་པས། འབྲོག་མིའི་གཏམ་དཔེ་ལ། གྲོས་གྲོ་མ་མར་ཁུ་ལྟ་བུ་བྱས་ཡོད་ཟེར་སྲོལ་ཡོད། དེ་བཞིན། གྲོ་མ་མར་ཁུ་ནི་གྲོགས་མགྲོན་ལ་མཐུན་ལམ་སྒྲིག་པའི་ཟས་གཅིག་ཐུབ་ཅིག་ཏུ་བརྩི། གྲོ་མ་དང་འབྲས་བསྲེས་ཏེ་མར་ཁུ་བླུག དེའི་སྟེང་ཕྱེ་མ་ཀ་ར་བཏབ་ན། གྲོ་འབྲས་ཞེས་ཟས་ཀྱི་མཆོག་ཏུ་བརྩི། འོན་ཀྱང་འབྲས་དཀར་ནི་ཆེས་དཀོན་པའི་ཟས་ཤིག་ཡིན། ཞོ་ནང་དུ་གྲོ་མ་དང་གྲོ་ཁུ་བླུགས་པ་ལ་ཞོ་གྲོ་ཟེར།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།