བྱིས་པ་རྣམས་ལ་སྤྲིངས་པའི་འཕྲིན་ཡིག་སེམས་ཀྱི་ཐུར་མ།

རྩོམ་པ་པོ།   དུས་ཚོད།   2020-06-01   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

 

སྙིང་ཉེ་བའི་གྲོགས་པོ་ཆུང་ཆུང་དང་གུས་པར་འོས་པའི་དགེ་རྒན་རྣམས་ཀྱི་མདུན་སར།  

     དྲུག་གཅིག་བྱིས་པའི་དུས་སྟོན་གྱི་ཉིན་མོ་འདི་དང་འགྲོགས་ནས། རྔ་བ་ཁུལ་སློབ་གསོ་ཅུས་དང་རྔ་བ་ཁུལ་བུད་མེད་མཉམ་འབྲེལ་གཉིས་ཀྱིས། བྱིས་པ་རྣམས་ཀྱི་དུས་སྟོན་ལ་ལྷག་བསམ་ཟོལ་མེད་ཀྱིས་རྟེན་འབྲེལ་ཞུ་བ་དང་། བྱིས་པ་རྣམས་ཀྱི་འཚར་ལོངས་དང་བདེ་ཐང་གི་དོན་དུ་རྔུལ་ཁྲག་ཕངས་མེད་བཏང་བའི་དགེ་རྒན་དང་། སློབ་གསོའི་བྱ་གཞག་ལ་འབད་འབུངས་བྱེད་པའི་སྐྱེ་བོ་ཡོངས་ལ་ཐུགས་རྗེ་ཆེ་ཞུས་པ་ཡིན།  

     འདས་སོང་གི་ལོ་ངོ་གཅིག་ཏུ། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་དང་། ཞིང་ཆེན་སློབ་གསོ་ཐིང་གི་བློ་རྩེ་གཅིག་སྒྲིམ་གྱི་སློབ་སྟོན་འོག ཁུལ་ཡོངས་ཀྱི་སློབ་སྦྱོང་གི་ཆ་རྐྱེན་ཡར་ངོའི་ཟླ་ལྟར་གོང་ནས་གོང་དུ་འཕེལ་ཅིང་། སློབ་གསོའི་བྱ་གཞག་དབྱར་མཚོ་བཞིན་གོང་ནས་གོང་དུ་འཕེལ། བྱིས་པའི་བདེ་ཐང་ལ་ཉེ་བར་མཁོ་བའི་ཆ་རྐྱེན་ཇེ་རྒྱས་ཇེ་འཛོམས་སུ་གྱུར་པ་དང་། མི་རྣམས་ཀྱིས་བྱིས་པའི་འཚར་ལོངས་ལ་སེམས་ཁུར་ཟོལ་མེད་བྱས། མེས་རྒྱལ་གྱི་སློབ་གསོའི་སྤྲིན་ཕུང་ལས་གཞན་ཕན་གྱི་ཆུ་རྒྱུན་ཕངས་མེད་དུ་བབས་ཤིང་། ཁུལ་ཡོངས་ཀྱི་བྱིས་པ་རྣམས་ཀྱི་སེམས་ཀྱི་ཞིང་སར་སློབ་སྦྱོང་གི་མྱུ་གུ་རབ་ཏུ་འབུས་པས། སློབ་གསོའི་འབྲས་བུ་ཁུར་གྱིས་དུད་པར་ཡིད་ཆེས་དང་རེ་བས་གཏམས་འདུག  

     ན་གཞོན་ལ་བློ་རིག་ལྡན་ན་རྒྱལ་ཁབ་དར། ན་གཞོན་ལ་སྙིང་སྟོབས་ཡོད་ན་རྒྱལ་ཁབ་བརྟན། ན་གཞོན་ལ་ཡར་བསྐྱེད་ཡོད་ན་རྒྱལ་ཁབ་འཕེལ། ན་གཞོན་ལ་ཤེས་རིག་འཛོམས་ན་རྒྱལ་ཁབ་སྲིད་མཐའི་བར་དུ་གཞོམ་གཞིག་བྲལ། བྱིས་པ་ནི་མེས་རྒྱལ་གྱི་མེ་ཏོག་ཡིན་ལ་མི་རིགས་ཀྱི་མ་འོངས་པའང་ཡིན། རྣམ་དཔྱོད་ཀྱི་བང་ཁ་མྱུར་བའི་བྱིས་པ་རྣམས་ཀྱིས་རྒྱལ་ཁབ་དང་མི་རིགས་ཀྱི་ཕུགས་འདུན་ཡིད་ལ་བཅངས་ནས། སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་གི་སྲོག་ཤིང་ལྟ་བ་ལ་ནན་གྱིས་གཞོལ་བ་དང་། རྒྱལ་ཁབ་དང་ཕ་ཡུལ་ལ་བཅངས་པའི་བརྩེ་བ་སེམས་སུ་རུམ་ནས། མེས་རྒྱལ་དང་རྔ་བའི་འདས་མ་ད་གསུམ་གྱི་དར་རྒུད་ཁུར་དུ་ཐེག་དགོས། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དང་དར་རྒྱས་སུ་གཏང་དགོས། དཀའ་སྡུག་ཡོད་ཚད་ཁྱད་དུ་བསད་ནས་སློབ་སྦྱོང་ལ་བརྩོན་པ་དང་། འཚོ་བའི་གོམས་གཤིས་ཡག་པོ་རྒྱུད་ལ་ཞོག དུས་ཚོད་སྐར་ཆ་གཅིག་ཀྱང་ཆུད་ཟོས་སུ་མི་གཏོང་བའི་གཡར་དམ་སེམས་སུ་བཟུང་ནས། སློབ་སྦྱོང་ལ་གུས་རྟག་བརྩོན་པ་བསྐྱེད་དེ་རྒྱལ་ཁབ་དང་མི་རིགས་ཀྱི་རྐང་འཛིན་འགྱུར་བར། ད་ནས་བཟུང་སྟེ་གྲ་སྒྲིག་ལེགས་པར་བྱ་དགོས།  

     ཕ་མ་གཙོར་བྱས་པའི་མི་ཀུན་ལ་བྱིས་པ་བདེ་ཐང་ངང་འཚར་ལོངས་འབྱུང་བའི་འགན་འཁྲི་ཡོད། དགེ་རྒན་རྣམས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཚན་རིག་གི་གོ་ཆ་ལེགས་པར་གྱོན་པ་དང་།  ལུས་ངག་གཉིས་ཀས་གཞན་ལ་མིག་དཔེ་འཇོག་དགོས།  

     མཐར། ཁུལ་ཡོངས་ཀྱི་བྱིས་པ་རྣམས་ཀྱི་དྲུག་གཅིག་དུས་སྟོན་ལ་རྟེན་འབྲེལ་ཟོལ་མེད་ཞུ་བ་དང་། དགེ་རྒན་ཡོངས་ཀྱི་ལུས་ལ་ན་ཚ་མེད་ཅིང་བྱ་གཞག་ཐམས་ཅད་ལེགས་པའི་ལམ་དུ་འགྲོ་བར་སྨོན་འདུན་ཡང་ཡང་ཞུའོ།།

རྔ་བ་ཁུལ་སློབ་གསོ་ཅུས་དང་

རྔ་བ་ཁུལ་བུད་མེད་མཉམ་འབྲེལ་གྱིས།  

སྤྱི་ལོ་2020ལོའི་ཟླ་6ཚེས་1ཉིན་གུས་ཕུལ།