མགྲོན་པོ་ལགས། རྔ་ཁུལ་དུ་དབྱར་རྩྭ་དགུན་འབུ་གསོལ་བར་ཕེབས་རོགས།

རྩོམ་པ་པོ།   གྲགས་པ་བསྟན་འཛིན།དུས་ཚོད།   2020-05-25   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

          རྔ་ཁུལ་གྱི་རྔ་བ་རྫོང་དང་། མཛོད་དགེ་རྫོང་། ཧུང་ཡོན་རྫོང་། འབར་ཁམས་གྲོང་ཁྱེར་སོགས་སུ་ཡོད་པའི་མི་ཚང་མས་རང་རང་སོ་སོའི་ས་གནས་སུ་དམིགས་བསལ་གྱི་ཁྲོམ་ར་ཞིག་ཡོད་པ་ཤེས་ཀྱི་ཡོད། དེ་ནི་སྨན་རྩྭ་ཉོ་འཚོང་གི་ཁྲོམ་ར་སྟེ་དཔྱིད་ཀ་དབྱར་རྩྭ་རྐོ་བའི་དུས་དང་བསྟུན་ནས་མི་ཚོགས་ཀྱི་འདུ་འཛི་ཆེ་བ་དང་། དབྱར་རྩྭ་རྐོ་བའི་དུས་གཡོལ་བ་དང་བསྟུན་ནས་མི་ཚོགས་ཀྱི་འདུ་འཛི་ཅུང་ཞི་བར་འགྲོ་བའི་གནས་ཤིག་ཡིན། དེས་ནི་ལས་ལ་བརྩོན་ཞིང་དཔའ་མཛངས་ལྡན་པའི་རྔ་ཁུལ་གྱི་རྫོང་དེ་དག་གི་མི་རྣམས་ཀྱི་བརྩོན་འགྲུས་མཚོན་པ་དང་། འབྱུང་འགྱུར་གྱི་འཚོ་བར་བཟུང་བའི་རེ་སྨོན་ཡང་གནས་དེ་གར་ལྷག་ནས་ཡོད།

         སྨན་རྩྭ་ཉོ་འཚོང་གི་ཁྲོམ་རར་ཐོན་པའི་དབྱར་རྩྭ་དགུན་འབུ་རེ་རེ་ནི་རྐོ་མཁན་གྱིས་སེན་མགོ་རྣག་དང་སེན་རྐང་ཁྲག་བྱས་ཏེ་རི་ལས་ཐོགས་ཡོང་བ་ཤ་སྟག་ཡིན། དབྱར་རྩྭ་དགུན་འབུ་ནི་ཤ་མོའི་རིགས་སུ་གཏོགས་པའི་སྐྱེ་དངོས་ཤིག་སྟེ། དེའི་རྩ་བ་དབྱིབས་ནར་ནར་ཤ་འབུ་དང་མཚུངས་ཤིང་། བོད་ཀྱི་སྨན་གཞུང་དུ་སྔོ་ད་བྱིད་ཅེས་པའི་སྨན་རྫས་རྩ་ཆེན་དེ་ཡིན། མིང་དུ་དབྱར་རྩྭ་དགུན་འབུ་ཞེས་འབོད་དོན་ནི་དེ་དགུན་དུས་སུ་འབུ་ཡི་ཚུལ་གྱིས་ས་འོག་ཏུ་འཚོ་བ་དང་། དབྱར་འགོ་མའི་དུས་སུ་རྩྭ་ཡི་ཚུལ་གྱིས་ས་དང་སྤང་ཤུན་བརྟོལ་ནས་སྐྱེ་ཡོང་བ་ཞིག་ཡིན་པས་རེད། དབྱར་རྩྭ་སྐྱེ་བའི་དུས་སུ་ཐོན་པ་ན། ས་བབ་མཐོ་ཚད་སྨི་3500ནས་5000ཙམ་གྱི་གྲང་ངར་ཆེ་བའི་རི་བོའི་ངོས་དང་ལུང་བའི་གཞུང་གྱི་རྩྭ་རྩི་ཤིང་གི་གསེབ་ཏུ་ཅི་ཞིག་ལ་སྦས་པ་ལྟར་ཤིན་ཏུ་མི་མངོན་པའི་ཚུལ་གྱིས་སྐྱེས་ནས་ཡོད། འོན་ཀྱང་ཡིད་ཕངས་བ་ཞིག་ལ་དབྱར་རྩྭ་འབུ་རྐོ་མཁན་རྣམས་ཀྱི་མཐོང་སྣེ་ལས་གཡོལ་ཐབས་མེད། མི་རྣམས་ཀྱིས་སེམས་ལྷོད་ལ་བབས་ནས་གོག་ནས་སམ་ནུར་ཏེ་ཞིབ་མོར་འཚོལ་བས། དབྱར་རྩྭ་དགུན་འབུ་དེ་རྩྭ་དང་རྩི་ཏོག་གི་རྫོང་ཤིན་ཏུ་མཐུག་པའི་གསེབ་ཏུ་ཡོད་ཀྱང་དེ་རྐོ་མཁན་གྱི་ལག་ཏུ་ལྷུང་འགྲོ མཐར་མི་རྣམས་ཀྱིས་རི་ཀླུང་བརྒལ་ནས་གྲོང་ཁྱེར་དུ་ཁྱེར་ཡོང་སྟེ་མི་རྣམས་ཀྱི་མིག་ལམ་དུ་མངོན་པའི་ཚེ། ད་དུང་ས་འདམ་གྱི་དྲི་ཞིམ་འཐུལ་བཞིན་ཡོད།

         དགུན་རྒྱ་སྟག་འདྲ་བོ་ཕར་ལ་སོང་ཞིང་དབྱར་ཕ་མ་འདྲ་བོ་ཚུར་བསུ་བའི་དཔྱིད་ཀྱི་དུས་ཚིགས་འདིར། རྔ་ཁུལ་གྱི་ས་བབ་ཅུང་མཐོ་བའི་འབྲོག་རྫོང་ཁག་ཏུའང་གནམ་གཤིས་ལེགས་ཤིང་དྲོད་འཇམ་ལྡན་ལ། རི་ཆུ་ནགས་གསུམ་ལའང་གསོན་ཤུགས་རབ་ཏུ་རྒྱས་ཤིང་མཐོ་སྒང་ལ་རང་བཞིན་གྱིས་ཡོད་པའི་མཛེས་པ་ཕུན་སུམ་ཚོགས་པར་བཞད་ཡོད་པས། རྒྱང་རིང་གི་མགྲོན་པོ་ལགས། ཁྱོད་ཀྱིས་སུན་སྣང་དང་ངལ་དུབ་ཀྱི་རྡོག་ཁྲེས་དག་རྒྱབ་ཏུ་གཡུགས་ཏེ། དག་ཞིང་གི་རྔ་བར་ཡུལ་འདིའི་ལྷད་མེད་ཀྱི་ཁྱད་ལྡན་ཐོན་རྫས་དབྱར་རྩྭ་དགུན་འབུ་གསོལ་བར་ཕེབས་དང་། དེས་ཁྱོད་ཀྱི་ལུས་ཁམས་གསོ་བར་འགྱུར།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།