རྒྱལ་ཡོངས་མི་དམངས་འཐུས་ཚོཊ་སྐབས13པའི་གྲོས་ཚོཊ་ཐེངས3པ་འཚོཊ་པ།

རྩོམ་པ་པོ།   དུས་ཚོད།   2020-05-22   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།


    འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་སྤྱི་ཚེས22ཉིན་གྱི་སྔ་དྲོ་མི་དམངས་ཚོགས་ཁང་ཆེན་མོར་འཚོགས་འགོ་ཚུགས་པ་རེད། 

    ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ཝང་ཡང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན། དེ་བཞིན་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་བཅས་ཀྲུའུ་ཞི་སྟེགས་བུའི་ཐོག་བཞུགས་ཡོད།

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་དགོས་པའི་འཐུས་མི་2956ཡིན་པ་དང་། སྤྱི་ཚེས22ཉིན་གྱི་སྔ་དྲོའི་གྲོས་ཚོགས་ལ་དངོས་སུ་ཞུགས་པ་མི་གྲངས་2897ཡོད་པ་དང་འཐུས་མི་59ཕེབས་ཐུབ་མེད། ཚོགས་ཞུགས་མི་གྲངས་དེ་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད།

    སྔ་དྲོའི་ཆུ་ཚོད་9པར། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི་ལི་ཀྲན་ཧྲུའུ་ཡིས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་དང་། ཚང་མ་ཡར་བཞེངས་ནས་རྒྱལ་གླུ་བླངས་ཡོད་པ་རེད།

    དེ་རྗེས། ཚོགས་ཞུགས་མི་སྣ་ཡོངས་ཀྱིས་ཏོག་གསར་གློ་ཚད་ཀྱི་རིམས་ནད་ནང་སྐུ་གཤེགས་པའི་དཔའ་བོ་དང་ཚེ་འདས་སྤུན་ཟླར་ངག་བསྡམས་ནས་མྱ་ངན་ཞུས་ཡོད། 

    གྲོས་ཚོགས་ཀྱི་གྲོས་རིམ་གཞིར་བཟུང་། ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ལ་སྲིད་གཞུང་ལས་དོན་སྙན་ཞུ་གནང་བ་རེད། སྙན་ཞུ་དེ་ཁག་བརྒྱད་ལ་དབྱེ་ཡོད་པ་སྟེ། གཅིག སྤྱི་ལོ2019ལོ་དང་འདི་ལོ་ཚུན་གྱི་ལས་དོན་ལ་ཕྱིར་དྲན་དང་། གཉིས། ད་ལོའི་གོང་འཕེལ་གྱི་དམིགས་འབེན་གཙོ་བོ་དང་དུས་རིམ་རྗེས་མའི་ལས་ཀའི་སྤྱིའི་བཀོད་སྒྲིག གསུམ། སྤྱི་ཁོག་སྲིད་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས། ཁེ་ལས་བརྟན་ལྷིང་དང་ལས་ཞུགས་འགན་ལེན་ལ་ཤུགས་སྣོན་རྒྱག་རྒྱུ། བཞི། བསྒྱུར་བཅོས་ལ་བརྟེན་ནས་ཁྲོམ་རའི་བྱེད་པོའི་གསོན་ཤུགས་འཕེལ་བ་བྱས་ཏེ། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་ཆེ་རུ་གཏོང་རྒྱུ། ལྔ། ནང་མཁོ་རྒྱ་སྐྱེད་གཏོང་བའི་འཐབ་ཇུས་ལག་བསྟར་བྱས་ནས། དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་བརྗེ་བསྒྱུར་མགྱོགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ། དྲུག དབུལ་སྒྲོལ་འགག་གཏོར་གྱི་དམིགས་ཚད་མངོན་འགྱུར་ཡོང་བར་འགན་ལེན་བྱས་ནས། ཞིང་ལས་ལ་ལོ་ལེགས་དང་ཞིང་པའི་འབབ་འཕར་ལ་སྐུལ་འདེད་གཏོང་རྒྱུ། བདུན། ཆུ་ཚད་དེ་བས་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་བཏང་ནས། ཕྱི་ཕྱོགས་ཉོ་ཚོང་དང་ཕྱི་རྒྱལ་གྱི་མ་རྩའི་གཞི་རྩའི་མ་གནས་བརྟན་དུ་གཏོང་རྒྱུ། བརྒྱད། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱ་རྒྱུར་དམིགས་ནས། སྤྱི་ཚོགས་ཀྱི་བྱ་གཞག་བསྒྱུར་བཅོས་དང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་བཅས་ཡིན་པ་རེད།

    ལི་ཁེ་ཆང་གིས།  གནས་བབ་ལ་ཕྱོགས་བསྡུས་ཞིབ་འཇུག་དང་བརྡར་ཤ་དཔྱད་ནས།  ང་ཚོས་རིམས་ནད་མ་ཐོན་གོང་བསམ་གཞིགས་བྱས་པའི་སྔོན་དཔག་དམིགས་འབེན་ལ་འོས་འཚམས་ཀྱིས་ལེགས་སྒྲིག་བྱས་ཡོད་ཅིང་།  ལོ་ཧྲིལ་པོའི་དཔལ་འབྱོར་འཕར་ཚད་ཐད་ཞིབ་ཕྲའི་དམིགས་འབེན་བཏོན་མེད།   ལས་ཞུགས་བརྟན་པོ་དང་དམངས་འཚོ་འགན་སྲུང་སྔོན་ལ་འཇོག་པ་དང་།  དབུལ་སྒྲོལ་འགག་གཏོར་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་བླངས་ཏེ། སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཟིན་པར་བྱེད་པའི་དམིགས་འབེན་ལས་འགན་མངོན་འགྱུར་ཡོང་བ་བྱེད་དགོས།  གྲོང་ཁྱེར་དང་གྲོང་རྡལ་གྱི་མི་ས་ཡ་དགུ་ཡན་ལ་ལས་ཞུགས་གསར་སྣོན་བྱེད་དགོས་པ་དང་།  གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་བྱས་པའི་ལས་ཀ་ཤོར་ཚད་དེ་བརྒྱ་ཆ་6ཡས་མས་དང་།  གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཀ་ཤོར་བ་ཐོ་འགོད་བྱེད་ཚད་དེ་བརྒྱ་ཆ་5.5ཡས་མས་།  གྲོང་མིའི་འཛད་སྤྱོད་རིན་གོང་སྟོན་གྲངས་བརྒྱ་ཆ་3.5ཡས་མས་འཕར་སྣོན་ཡོང་བ་བྱེད་དགོས།  ཕྱིར་གཏོང་ནང་འདྲེན་བརྟན་པོ་དང་སྤུས་ཚད་ལེགས་སུ་འགྲོ་བ་བྱེད་དགོས་པ་དང་།  རྒྱལ་སྤྱིའི་གཏོང་ཡོང་གཞི་རྩའི་ཆ་ནས་དོ་སྙོམས་ཡོང་བ་བྱེད་དགོས།  གྲོང་མིའི་ཡོང་འབབ་འཕར་སྣོན་དང་དཔལ་འབྱོར་འཕར་སྣོན་དུས་མཉམ་ཡོང་བ་བྱེད་དགོས།  ད་ལྟ་ལག་བསྟར་བྱེད་པའི་ཚད་གཞིའི་འོག་གི་གྲོང་གསེབ་ཀྱི་དབུལ་ཕོངས་མི་འབོར་ཚང་མ་དབུལ་གྲོལ་ཐུབ་པ་དང་།  དབུལ་ཕོངས་རྫོང་ཚང་མས་དབུལ་ཞྭ་ཕུད་ཐུབ་པ་བྱེད་དགོས།  དངུལ་རྩའི་ཉེན་ཁ་ཆེ་གྲས་ལ་སྔོན་འགོག་ཚོད་འཛིན་ནུས་ལྡན་བྱེད་དགོས། ཚན་པའི་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་གི་ཟད་གྲོན་དང་སྦགས་བཙོག་དངོས་པོ་གཙོ་བོའི་འབུད་བཤངས་མུ་མཐུད་ཉུང་དུ་བཏང་ནས། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པའི་དམིགས་འབེན་ལས་འགན་ལེགས་འགྲུབ་བྱེད་དགོས་ཞེས་གསུངས་གནང་ཡོད། 

    གྲོས་ཚོགས་ཀྱི་གྲོས་རིམ་ལྟར།  ཚོགས་ཆེན་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྤྱི་ལོ2019ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འཆར་འགོད་ལག་བསྟར་བྱས་ཚུལ་དང་སྤྱི་ལོ2020ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འཆར་འགོད་ཀྱི་འཆར་ཟིན་སྙན་ཞུ།  དེ་བཞིན་སྤྱི་ལོ2020ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཆར་འགོད་ཀྱི་འཆར་ཟིན། སྤྱི་ལོ2019ལོའི་ཀྲུང་དབྱང་དང་ས་གནས་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་སྤྱི་ལོ་2020ལོའི་ཀྲུང་དབྱང་དང་ས་གནས་སྔོན་རྩིས་འཆར་ཟིན་གྱི་སྙན་ཞུ། དེ་བཞིན་སྤྱི་ལོ2020ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་བཅས་ལ་ཞིབ་དཔྱད་བྱས་ཡོད་པ་རེད།

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟར།  རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཝང་ཁྲེན་གྱིས་དམངས་དོན་ཁྲིམས་གཞུང་གི་འཆར་ཟིན་སྐོར་ལ་གསལ་འགྲེལ་གནང་ཡོད།

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟར།  ཝང་ཁྲེན་གྱིས་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱིས་རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་ལམ་ལུགས་དང་ལག་བསྟར་སྒྲིག་གཞི་འཛུགས་རྒྱུའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གཏན་འབེབས་འཆར་ཟིན་ལ་གསལ་འགྲེལ་གནང་ཡོད་པ་རེད།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།