ཐུན་མོང་དཔལ་འབྱོར་དབུལ་བྲལ་གནད་ལ་ཕན།

རྩོམ་པ་པོ།   ཚེ་རིང་ལྷ་མོ།དུས་ཚོད།   2020-05-22   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

             ཉེ་བའི་ལོ་ཤས་རིང་། ཧུང་ཡོན་རྫོང་སྦྲ་ཆེན་གྲོང་རྡལ་གྱིས་དབུལ་སྐྱོར་གནད་འཁེལ་གྱི་རྣམ་པ་གསར་གཏོད་ཀྱི་ཐད་ལ་འཚོལ་ཞིབ་དང་ཚོད་ལྟ་གང་ལེགས་བྱས་ཤིང་། རྒྱུན་མཐུད་ཐུབ་པ་དང་བསྐྱར་དུ་མི་དབུལ་བོའི་དམིགས་འབེན་ལ་གཞོལ་ཏེ། གྲོང་སྡེ་རིམ་པའི་ཐུན་མོང་དཔལ་འབྱོར་གྱིས་དབུལ་སྐྱོར་གནད་འཁེལ་གྱི་ཁྱིམ་ཚང་ལ་ཕན་པའི་སྒྲིག་གཞི་བཙུགས། མ་རྩ་དང་ལས་བཟོ་བའི་ཟླ་ཕོགས་བླངས་རྗེས་ཀྱི་ཚོང་གཉེར་ཡོང་སྒོ་ཚང་མ་གྲོང་རྡལ་ཡོངས་ཀྱི་དབུལ་སྒྲོལ་བྱས་པའི་ཁྱིམ་ཚང་210ཡི་མི་858གསོ་སྐྱོང་བྱེད་པའི་མ་དངུལ་དུ་བསྡུས། དེའི་ནང་དུ། རི་རྒན་གྲོང་སྡེ་དང་། གཏེར་ཤིང་གྲོང་སྡེ་གཉིས་ཀྱིས་ལོ་རེར་སྒོར་ཁྲི་12.5རེ་དང་། གསེར་གཞོང་གྲོང་སྡེ་དང་། ཐང་རི་གྲོང་སྡེ། སྟག་མགོ་གྲོང་སྡེ་བཅས་ཀྱིས་ལོ་རེར་སྒོར་ཁྲི་4རེའི་མ་དངུལ་བཏང་སྟེ། ཁྱིམ་ཚང་དབུལ་བོའི་ཐོན་སྐྱེད་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པར་བཀོལ།

          ལོ་རེར་ཁྱིམ་ཚང་དབུལ་བོར་གསོ་སྐྱོང་བྱེད་པའི་མ་དངུལ་སྒོར་ཁྲི་38ལྷག་ཡོད་ཅིང་། ཁྱིམ་ཚང་རེར་ཆ་སྙོམས་སྒོར་1800ལྷག་འབབ་པས། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་རོགས་སྐྱོར་ནུས་པ་བླ་ལྷག་ཏུ་ཐོན་པར་མ་ཟད། མང་ཚོགས་ཀྱི་ལྟོ་རྒྱབ་ལ་ཡང་ཕན་ཐོགས་ཆེན་པོ་བྱུང་ཞེས་སྦྲ་ཆེན་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་བློ་བཟང་བཀྲ་ཤིས་ཀྱིས་གདོང་ལ་འཛུམ་རྒྱས་ཏེ། ཐུན་མོང་དཔལ་འབྱོར་གྱིས་ཁྱིམ་ཚང་དབུལ་བོ་གསོ་སྐྱོང་བྱེད་པའི་ཚུལ་འདི་ལ་གདེང་འཇོག་མཐོན་པོ་བྱས།

          ཡིག་ཚགས་བཀོད་ཅིང་བྱང་བུ་བཟོས་པའི་ཁྱིམ་ཚང་དབུལ་བོའི་བསོད་ནམས་སྟོབས་ཀྱིས་འཁྱགས་སྒམ་དང་། གོས་འཁྲུད་འཕྲུལ་ཆས། ས་གདན། འདུག་སྟེགས་སོགས་ཁྱིམ་སྤྱོད་གློག་ཆས་དང་འཚོ་བའི་མཁོ་ཆས་སོགས་ཚང་མ་འཛོམས་པ་དང་། གནམ་གཤིས་གྲང་ན་གློག་གི་དྲོད་ཆས་ཡོད་ཅེས་བཤད། ཁོས་མུ་མཐུད་དུ་གསར་འགོད་པར་ད་སྐབས་ལོ་རེའི་ལོ་མཇུག་ལ་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་གསོ་སྐྱོང་མ་དངུལ་བགོ་རྒྱུ་དང་། སྡེ་བའི་གཙང་སྦྲ་བ་ལོ་རེར་སྒོར་6000ལྷག་གི་ཟླ་ཕོགས་ཡོད། གོ་ཐོས་ལྟར་ན་རྗེས་ཕྱོགས་སུ་ཟླ་ཕོགས་འཕར་རྒྱུ་རེད་ཅེས་བཤད།

            སྡེ་བའི་ཐུན་མོང་དཔལ་འབྱོར་གྱིས་ཁྱིམ་ཚང་དབུལ་བོར་གསོ་སྐྱོང་བྱེད་པའི་སྐོར་ནས་བཤད་ན། སྦྲ་ཆེན་གྲོང་རྡལ་གྱིས་དམངས་ལ་ཕན་པའི་བྱ་བ་བསྒྲུབས་པས།ས་གནས་དེའི་མང་ཚོགས་ཀྱི་སེམས་ལ་དྲོད་ཁོལ་བསྐྱིལ་འདུག ནད་ཀྱིས་དབུལ་ཕོངས་སུ་གྱུར་བའི་བསོད་དོན་གྱིས་ཡིད་ཆེས་བརྟན་པོའི་སྒོ་ནས་ཏང་གི་སྲིད་ཇུས་བཟང་བོ་དང་། རོགས་སྐྱོར་ལས་བྱེད་པ་དང་ལས་ཁུངས་ཀྱིས་རང་གི་ཁྱིམ་མི་ལ་བདག་སྐྱོང་བྱེད་བཞིན་འདུག ང་ཚོ་ལ་མ་དངུལ་གྱི་རོགས་རམ་གནང་བར་མ་ཟད། དབུལ་བྲལ་སྲིད་ཇུས་དྲིལ་སྒྲོག་བྱས་ཤིང་། འཕྲོད་བསྟེན་དང་འཚོ་བའི་གོམས་གཤིས་སོགས་ནས་ཀྱང་སློབ་སྟོན་མང་དུ་གནང་ཡོད་ཅེས་བཤད། དམངས་ཕན་དམངས་ཕྱུག་གི་མ་དངུལ་དང་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་སྒོ་ཡོད་པར་མ་ཟད། རོགས་སྐྱོར་འགན་ལེན་པས་གཞོགས་འདེགས་ལ་བརྟེན་ནས། བསོད་དོན་གྱིས་སྦྲ་ཆེན་གྲོང་རྡལ་གྱི་གཞུང་ལམ་སྲུང་གསོ་ཡི་ལམ་མཚམས་སུ་ལས་གླ་བྱས་ཏེ་གླ་ཕོགས་སྒོར14000ལྷག་གི་ཡོང་འབབ་ཐོབ།

          དབུལ་བྲལ་གནད་སྒྲོལ་གྱི་ལས་དོན་ཁྲོད་དུ། སྦྲ་ཆེན་གྲོང་རྡལ་གྱིས་དཔལ་འབྱོར་འཕེལ་རྒྱས་དང་དམངས་ཕན་དམངས་འཚོ་རྩ་བར་བཟུང་སྟེ། འཐུས་ཚང་དང་ནུས་ལྡན་དུ་བསྒྱུར་ཏེ། ཕྱོགས་གཅིག་གིས་ཕྱོགས་གཞན་འཁྲིད་པ་དང་། རིག་ལམ་རྒྱ་བསྐྱེད་པ། གཅིག་གྱུར་འཆར་འགོད་ཀྱི་སྒོ་ནས་མདུན་དུ་བསྐྱོད་པ་སོགས་རྒྱུན་འཁྱོངས་བྱས་ཏེ། ལས་ཀ་ཞིབ་ཚགས་དང་ནན་ཏན། བྱེད་ཐབས་སྣ་མང་དང་ལུགས་མཐུན་བྱེད་པ་གཙིགས་སུ་བཟུང་ནས། དབུལ་བྲལ་གནད་སྒྲོལ་གྱི་དམངས་ཕན་ལས་དོན་གཏིང་ཟབ་ཀྱི་སྒོ་ནས་འབད་བཞིན་མཆིས་སོ།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།