རང་ཞིང་གིས་གནོད་འགོག་གནོད་སེལ་གྱི་མ་ལག་སྐྲུན་པར་ཤུགས་བསྣན་ནས་གཞི་རིམ་གྱི་ཞན་ཆ་གསབ་ཅིང་གནད་དོན་དེ་གནོད་སྐྱོན་མ་བྱུང་གོང་དུ་ཐག་གཅོད་དགོས་པ་བཏོན།

རྩོམ་པ་པོ།   འཇམ་དབྱངས་བློ་གྲོས་ཀྱི་བསྒྱུར་སྒྲིག་བྱས།དུས་ཚོད།   2020-05-22   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

          སི་ཁྲོན་ཉིན་རེའི་ཚགས་པར་དུ་བཀོད་པའི་གསར་འགྱུར་ལྟར་ན། ད་ལོའི་ཟླ་5བའི་ཚེས་12ཉིན་ནི་རང་རྒྱལ་གྱི་ཐེངས་བཅུ་གཉིས་པའི་རྒྱལ་ཡོངས་ཀྱི་གནོད་འགོག་གནོད་སེལ་གྱི་ཉིན་མོ་རེད། བརྗོད་བྱ་གཙོ་བོ་ནི་གཞི་རིམ་གྱི་མཁོ་བསྟུན་ནུས་པ་མཐོར་གཏོང་དང་གནོད་འགོག་གནོད་སེལ་གྱི་འགག་སྒོ་བརྟན་པོར་བྱེད་པ་དེ་རེད། གསར་འགོད་པས་ཞིང་ཆེན་མཁོ་བསྟུན་དོ་དམ་ཐིང་ནས་རྒྱུས་ལོན་བྱུང་བ་ལྟར་ན། རང་ཞིང་གིས་མུ་མཐུད་དུ་གནོད་འགོག་གནོད་སེལ་གྱི་མ་ལག་སྐྲུན་པར་ཤུགས་སྣོན་པ་དང་། ལྷག་པར་དུ་གཞི་རིམ་གྱི་མཁོ་བསྟུན་དོ་དམ་མ་ལག་སྐྲུན་པའི་ཕྱོགས་ཀྱི་ཞན་ཆ་གསབ་དགོས་པ་བསྟན་འདུག

         ཉེ་ཆར། ཞིང་ཆེན་མཁོ་བསྟུན་དོ་དམ་ཐིང་དང་སི་ཁྲོན་སློབ་གྲྭ་ཆེན་མོའི་གནོད་སེལ་ཕྱོགས་བསྡུ་ཞིབ་འཇུག་ལྟེ་གནས། སི་ཁྲོན་ཞིང་ཆེན་གནོད་འགོག་གནོད་སེལ་གྱི་སློབ་གསོ་ཐིང་། སི་ཁྲོན་སློབ་གྲྭ་ཆེན་མོའི་གནོད་རྗེས་བསྐྱར་བསྐྲུན་དང་དོ་དམ་སློབ་གླིང་སོགས་ཀྱིས་མཉམ་དུ་ཞིང་ཆེན་ནང་གི་ལས་ཁུངས་མང་བོ་དང་མཉམ་འབྲེལ་བྱས་ནས་སི་ཁྲོན་ཞིང་ཆེན་གྱི་བདེ་འཇགས་སློབ་གསོ་གསོ་སྦྱོང་རྟེན་གཞི་མནའ་འབྲེལ་ཚོགས་པ་བཙུགས། དམིགས་ཡུལ་ནི་སྤྱི་དམངས་ཀྱི་བདེ་འཇགས་སློབ་གསོའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། གཞི་རིམ་མང་ཚོགས་ཀྱི་མཁོ་བསྟུན་ནུས་ཤུགས་མཐོར་འདེགས་གཏོང་བ་དེ་རེད། ཞིང་ཆེན་མཁོ་བསྟུན་དོ་དམ་ཐིང་གི་འབྲེལ་ཡོད་འགན་ཁུར་བས་བཤད་པར། གཞི་རིམ་ནི་གནོད་འགོག་གནོད་སེལ་གྱི་གྱི་འགོག་རགས་དང་བོ་ཡིན་པས། གཞི་རིམ་གྱི་མཁོ་བསྟུན་དོ་དམ་མ་ལག་འཛུགས་སྐྲུན་གྱི་ཐད་ལ་ཕྱོགས་གཅིག་ནས་དཔུང་ཁག་འཛུགས་སྐྲུན་གྱི་ཐད་ལ་ཤུགས་སྣོན་དགོས་པ་དང་། ཕྱོགས་གཞན་ཞིག་ནས་ཕྱོགས་བསྡུས་འགན་སྲུང་གི་ཐད་ལ་ཤུགས་སྣོན་དགོས་པར་མ་ཟད། ད་དུང་གཞི་རིམ་མང་ཚོགས་ཀྱི་ནུས་ཤུགས་ཀྱང་ལྷན་གཅིག་ཏུ་བསྒྲིལ་དགོས། དེ་ལྟར་བྱས་ན་མཁོ་བསྟུན་གྱི་ནུས་ཤུགས་མཐོར་འདེགས་གཏོང་ཐུབ་པར་མ་ཟད། འཕྲལ་དུ་ཐག་གཅོད་བྱེད་པའི་ཆུ་ཚད་ཀྱང་མཐོར་འདེགས་གཏོང་ཐུབ་ངེས། གནད་དོན་དེ་དག་གནོད་མ་བྱས་གོང་དང་སྐྱོན་མ་འབྱུང་གོང་དུ་བསལ་དགོས་ཞེས་བཤད།

         ན་ནིང་ལོ་མཇུག་ཏུ་བཀྲམ་པའི་《སི་ཁྲོན་ཞིང་ཆེན་གྱི་མཁོ་བསྟུན་རྒུད་སྐྱོབ་ནུས་ཤུགས་མཐོར་འདེགས་གཏོང་བའི་འགུལ་སྐྱོད་འཆར་གཞི་(2019ལོ—2021ལོ)》ཡི་ནང་དོན་གཙོ་བོ་ནི་གཞི་རིམ་གྱི་རྨང་གཞི་བརྟན་གཏོང་བྱེད་པ་དེ་རེད། དཔེར་ན། གྲོང་ཁྱེར་གྱི་མེ་གསོད་ས་ཚིགས་137དང་། ཡུལ་ཚོ་དང་གྲོང་རྡལ་གྱི་ཆེད་ལས་མེ་གསོད་དཔུང་ཁག་105གསར་དུ་འཛུགས་རྒྱུ་དང་། 2021ལོར་སླེབས་དུས་འཛུགས་སྐྲུན་གྱི་ལས་འགན་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱུང་ཞིང་། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་དང་། ཕྱོགས་ཡོངས་ནས་ཁེབས་པ། དུས་ཐོག་དང་ལེན་སོགས་ཡིན་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མེ་གསོད་ས་ཚིགས་དང་མེ་གསོད་དཔུང་ཁག་གི་དྲ་བ་ཞིག་གྲུབ་སྟེ། མེ་གསོད་རོགས་སྐྱོབ་ཀྱི་དུས་ཚོད་ཇེ་ཐུང་དུ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མེ་གསོད་རོགས་སྐྱོབ་ཀྱི་སྤྱིའི་ཞབས་ཞུ་ཕལ་ཆེར་ཕྱོགས་ཡོངས་ནས་མངོན་དུ་འགྱུར་རྒྱུ་རེད།

         གཞན་ཡང་། རང་ཞིང་གིས་མཐུན་སྦྱོར་གྱི་བྱེད་ཐབས་ཤུགས་ཆེན་གྱིས་འཐུས་ཚང་བཏང་ཞིང་། རང་བྱུང་གནོད་སྐྱོན་གྱི་སྔོན་འགོག་སྤུས་ཚད་དང་ཕན་འབྲས་མཐོར་འདེགས་བཏང་། ཉེ་ཆར། ཞིང་ཆེན་གནོད་འགོག་གནོད་སེལ་ཨུ་ཡོན་ལྷན་ཁང་གིས་བཟོ་བཀོད་དང་དཔར་བསྐྲུན་བྱས་ཤིང་བཀྲམ་པའི་《སི་ཁྲོན་ཞིང་ཆེན་གྱི་རང་བྱུང་གནོད་སྐྱོན་ཐད་ལ་ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་སྐོར་གྱི་ལས་ཀའི་ལམ་ལུགས》ལས་རང་བྱུང་གི་གནོད་སྐྱོན་ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་ལས་ཀ་ལ། གཅིག་གྱུར་གྱི་འགོ་ཁྲིད་བྱེད་པ་དང་སྡེ་ཁག་མཉམ་འགུལ་ཟུང་འབྲེལ་བྱེད་པ་དང་། རིམ་པ་ཕྱེས་ནས་འགན་ཁུར་བ་དང་ཡུལ་ཁོངས་མཐུན་སྦྱོར་ཟུང་འབྲེལ་བྱེད་པ། ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན་དང་རིགས་དབྱེ་ལྟ་ཞིབ་ཚད་ལེན་ཟུང་འབྲེལ་བྱེད་པ་སོགས་ལ་རྒྱུན་འཁྱོངས་བྱེད་དགོས་པ་མངོན་གསལ་དུ་བཏོན་ནོ།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།