ཐོན་ལས་ཀྱི་རྣམ་པ་གསར་བས་ཕྱུག་འགྱུར་གྱི་ལམ་བུ་རྒྱ་ཆེར་བསྐྱེད།

​ཝུན་ཁྲོན་རྫོང་ཀྲོའུ་ཏ་གྲོང་སྡེས་ཞིང་ལས་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱས་ཚུལ་བཀོད་པ།

རྩོམ་པ་པོ།   ཨོ་རྒྱན་བཀྲ་ཤིས།དུས་ཚོད།   2020-05-22   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

          དབྱར་མགོ་འདིར། གསར་འགོད་པ་ཀྱག་ཀྱོག་གི་ལམ་བུ་བརྒྱུད་དེ་མདུན་དུ་བསྐྱོད་སྐབས། ལི་སོབ་དང་སྲེའུ་མངར་གྱི་སྡོང་བོའི་ཡལ་འདབ་རྒྱས་ཤིང་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་འདུག་པ་མཐོང་།

          ཝུན་ཁྲོན་རྫོང་ཀྲོའུ་ཏ་གྲོང་སྡེའི་ལི་སོབ་རྟེན་གཞི་རུ། ཕྱུག་འགྱུར་སྣེ་ཁྲིད་པ་ཀྲོའུ་ཀྲི་ཝུན་གྱིས་གྲོང་མི་ཁྲིད་དེ་སྡོང་བོའི་འོག་ཏུ་ཀྲུང་ལུགས་སྨན་རྩྭ་སྤྲུ་ནག་འདེབས་བཞིན་ཡོད། ཉེ་བའི་ལོ་ཤས་རིང་། ཀྲོའུ་ཏ་གྲོང་སྡེས་སྡོང་བོའི་འོག་ཏུ་ཀྲུང་ལུགས་སྨན་རྩྭ་བཏབ་ཅིང་། བེད་མེད་དུ་ལུས་པའི་ཞིང་སའི་ཐོན་ཁུངས་འདོན་སྤེལ་གང་ལེགས་བྱས་ནས་དབུལ་སྒྲོལ་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ་མང་ཚོགས་ཀྱི་ཡོང་འབབ་འཕར་ཐུབ་པར་འགན་ལེན་བྱས།

         ཀྲོའུ་ཏ་གྲོང་སྡེ་ནི་རི་རྐེད་དུ་ཆགས་ཡོད་ཅིང་། གྲོང་སྡེ་ཡོངས་སུ་ཁྱིམ་ཚང་197དང་མི་འབོར་726ཡོད། དེའི་ཁྲོད་རུའོ་པུའུ་དང་། ཀྲུའུ་ཧྲི་ཏ། ཞའོ་སི་བཅས་ཚོ་ཆུང་གསུམ་ཆ་སྙོམས་མཚོ་ངོས་ལས་མཐོ་ཚད་སྨི་2000ཡན་དུ་ཆགས་ཡོད། ལོ་འགའི་སྔོན་དུ་ཀྲོའུ་ཏ་གྲོང་སྡེའི་ལི་སོབ་མཉམ་ལས་ཁང་གི་འགན་ཁུར་བ་ཀྲོའུ་ཀྲི་ཝུན་གྱིས་གྲོང་སྡེ་ལ་བེད་མེད་དུ་ལུས་པའི་ཞིང་ས་ཡོད་པ་ཤེས་རྟོགས་བྱུང་རྗེས། མཚོ་ངོས་ལས་མཐོ་ཚད་སྨི་2300ལྷག་ཡོད་པའི་རི་རྐེད་དུ་བེད་མེད་དུ་ལུས་པའི་ཞིང་ས་མུའུ་20བེད་སྤྱད་དེ་ལི་སོབ་ཀྱི་སྡོང་ཕྲུག་900ལྷག་ཉོས་ནས་ཚོད་འཛུགས་བྱས། ན་ནིང་ལི་སོབ་ལ་འབྲས་བུ་འཐོག་ཡོད་མོད། འོན་ཀྱང་མཚོ་ངོས་ལས་མཐོ་ཚད་མཐོ་ཞིང་ལི་སོབ་སྨིན་ཚད་ཀྱང་འཕྱི་བས། ལི་སོབ་ཚོང་རར་འདོན་པའི་མཐོ་རླབས་ལས་གཡོལ་བ་དང་། ལི་སོབ་མང་པོ་འཐོག་མེད་ཀྱང་རིན་གོང་ཡག་པོ་ཁུག་ཡོད།

        ན་ནིང་ལི་སོབ་ཀྱི་རིན་གོང་ཡག་པོ་ཁུག་ཡོད་མོད། འོན་ཀྱང་གྲོང་མི་ཁ་ཤས་ཀྱིས་ཤིང་ཏོག་སྣ་གཅིག་བཙུགས་ན་ཁྲོམ་རའི་ཉེན་ཁ་ཆེ་བའི་སེམས་ཁྲལ་ཡོད། ཀྲོའུ་ཀྲི་ཝུན་གྱིས་གལ་སྲིད་ལི་སོབ་ཁྲོམ་རར་མི་བྲིན་ན་གྲོང་མི་ཚོར་གྱོང་གུན་ཆེན་པོ་ཕོག་སྲིད། སྐྱེ་དངོས་སྣ་གཅིག་བཙུགས་ནས་གྲོང་མི་ཚོའི་ཡོང་འབབ་ཉུང་བའི་སྲོལ་རྒྱུན་གྱི་འདེབས་འཛུགས་བྱེད་སྟངས་ཐག་གཅོད་བྱ་ཆེད་དང་། ཞིང་ལས་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱས་ནས་གྲོང་མི་ཚོའི་ཡོང་འབབ་ཇེ་མང་དུ་གཏོང་ཆེད། ཉིན་འགའི་རིང་དུ་མཉམ་ལས་ཁང་གིས་གྲོང་མི་རྩ་འཛུགས་བྱས་ནས་ལི་སོབ་ཀྱི་སྡོང་བོའི་འོག་ཏུ་ཀྲུང་ལུགས་སྨན་རྩྭ་སྤྲུ་ནག་བཏབ་ཡོད་ཅེས་བཤད།

         ཀྲོའུ་ཀྲི་ཝུན་གྱིས། སྨན་རྩྭ་སྤྲུ་ནག་བཏབ་ནས་ཐོན་ལས་གྲུབ་ཆ་སྣ་གཅིག་གི་ད་ལྟའི་གནས་ཚུལ་ལ་འགྱུར་ལྡོག་བཏང་བར་མ་ཟད། མི་སེར་གྱི་འདུ་ཤེས་ལའང་འགྱུར་ལྡོག་བཏང་ཡོད། ད་སྐབས་གྲོང་སྡེའི་གྲོང་མི་མང་ཤས་ཀྱིས་བེད་མེད་དུ་ལུས་པའི་ཞིང་ས་བེད་སྤྱད་དེ་ཀྲུང་ལུགས་སྨན་རྩྭ་བཏབ་པ་དང་། སྨན་རྩྭ་སྤྲུ་ནག་ནི་ཀྲོའུ་ཏ་གྲོང་སྡེའི་གྲོང་མི་ཚོར་ཕྱུག་འགྱུར་ཡོང་བའི་ཐབས་ལམ་གསར་བ་ཞིག་ཏུ་གྱུར་ཡོད་ཅེས་བཤད།

        ཀྲོའུ་ཀྲི་ཝུན་གྱིས་སྣེ་ཁྲིད་འོག་ཀྲོའུ་ཏ་གྲོང་སྡེའི་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱས་ཏེ་སྲོལ་རྒྱུན་གྱི་འདེབས་འཛུགས་བྱེད་སྟངས་བསྒྱུར་ཡོད། སྡེ་མི་ཀུའུ་ཧྲི་ཞང་གིས། ངེད་ཚང་གི་འབྱོར་བ་ཅུང་ཞན་པས་མཉམ་ལས་ཁང་དུ་ཞོར་ལས་གཉེར་ནས་ཡོང་འབབ་ཇེ་མང་དུ་བཏང་བར་མ་ཟད། སྲེའུ་མངར་དང་སྨན་རྩྭ་སྤྲུ་ནག་འདེབས་འཛུགས་ཀྱི་ལག་རྩལ་ཡང་སྦྱངས་ཐུབ་ཅེས་བཤད། རྒྱུས་ལོན་པ་ལྟར་ན། གྲོང་སྡེ་ཡོངས་སུ་སྲེའུ་མངར་མུའུ་800ལྷག་ཡོད་པ་དང་། ལི་སོབ་མུའུ་1400ལྷག་ཡོད་ལ། ཀྲུང་ལུགས་སྨན་རྩྭ་སྤྲུ་ནག་མུའུ་200ལྷག་ཡོད།

        ད་ལོར། ཀྲོའུ་ཀྲི་ཝུན་གྱིས་སྨན་རྩྭ་སྤྲུ་ནག་གི་སྡོང་ཕྲུག་50000ལྷག་ཉོས་ནས་ཞིང་ས་མུའུ་30ལ་འདེབས་རྒྱུ་དང་། སྔོན་དཔག་བྱས་ན་མུའུ་རེར་ཡོང་འབབ་སྒོར་ཁྲི་3ནས་5བར་ཡོད། སྨན་རྩྭ་སྤྲུ་ནག་འདེབས་པའི་ཡུལ་དངོས་ལ་ཀྲོའུ་ཀྲི་ཝུན་གྱིས་ཞིང་ལས་ལག་རྩལ་བ་གདན་དྲངས་ནས་གྲོང་མི་ཚོར་སྨན་རྩྭ་སྤྲུ་ནག་འདེབས་རྩལ་ཁྲིད་ཀྱིན་ཡོད།

       ཤེས་རྟོགས་བྱུང་བ་ལྟར་ན། ཀྲོའུ་ཏ་གྲོང་སྡེས་མཉམ་ལས་ཁང་དང་ཞིང་ཁྱིམ་སྦྲེལ་བའི་གཉེར་སྐྱོང་བྱེད་སྟངས་སྤྱད་དེ་སྡོང་བོའི་འོག་ཏུ་སྨན་རྩྭ་སྤྲུ་ནག་བཏབ་པར་མ་ཟད། རིན་མེད་ཀྱི་སྒོ་ནས་གྲོང་མི་ཚོར་སྤུས་ལེགས་ཀྱི་སྨན་རྩྭ་སྤྲུ་ནག་གི་མྱུ་གུ་དང་། འདེབས་འཛུགས་ཀྱི་ལག་རྩལ་བློ་འདྲི། གསོ་སྦྱོང་བཅས་སྤེལ་བ་དང་། ཞིང་ཁ་གཅིག་སྡུད་ཀྱིས་དོ་དམ་དང་། སྨན་རྩྭ་གཅིག་སྡུད་ཀྱིས་ཚུར་བསྡུ་དང་གཅིག་སྡུད་ཀྱིས་བྲིན་ཚོང་སོགས་ཀྱི་ཞབས་ཞུ་ལག་བསྟར་བྱས་ནས་འདེབས་འཛུགས་ཁྱིམ་ཚང་གི་ཡོང་འབབ་འཕར་ཐུབ་པར་འགན་ལེན་བྱས་ཡོད་དོ།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།