རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་ཚོགས་མགོ་ཚུགས་པ།

ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་བཅས་ཚོགས་འདུར་ཕེབས་ནས་རྟེན་འབྲེལ་ཞུས། ཝང་དབྱང་གིས་སྲིད་གྲོས་རྒྱུན་ཨུ་ཁང་གི་ལས་ཀའི་སྙན་ཞུ་ཕུལ།ཀྲང་ཆིང་ལིས་གཙོ་འགན་བཞེས། ཀྲེང་ཅན་པང་གིས་གྲོས་གཞིའི་ལས་དོན་བསྒྲུབས་ཚུལ་སྐོར་གྱི་སྙན་ཞུ་གནང་།

རྩོམ་པ་པོ།   དུས་ཚོད།   2020-05-22   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

        ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་21ཉིན་གློག་འཕྲིན་སྤེལ་བ་ལྟར་ན། ཐོག་མའི་བསམ་འདུན་མི་བརྗེད་པར་རླབས་ཆེན་བསྐྱར་དར་གྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ། ལག་རྡང་སྦྲེལ་ནས་མདུན་དུ་བསྐྱོད་དེ་ཐུན་མོང་ངང་འཕེལ་རྒྱས་ཀྱི་ཇུས་ཆེན་གྲོས་མོལ་བྱེད། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པ་ཚེས་21ཉིན་གྱི་ཕྱི་དྲོ་མི་དམངས་ཚོགས་ཁང་ཆེན་མོར་ཚོགས་མགོ་ཚུགས་ཤིང་། ཐེངས་འདིའི་ཚོགས་ཆེན་ཐོག་འབྱོར་འབྲིང་སྤྱི་ཚོགས་ཀུན་ནས་འགྲུབ་པར་བྱེད་པའི་དམིགས་འབེན་དང་ལས་འགན་ལ་རྩེ་གཅིག་ཏུ་དམིགས་ཤིང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྩ་འཛུགས་བྱས་ནས་རང་འགན་གཙང་མར་བསྒྲུབས་ནས་དབུལ་བྲལ་གནད་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པའི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་སྡུད་ངེས།

        མི་དམངས་ཚོགས་ཁང་ཆེན་མོར་གློག་འོད་ཆེམ་ཆེམ་དུ་འཕྲོས་ཤིང་རྔམ་བརྗིད་ལྡན་པ་ཞིག་རེད། ཀྲུའུ་ཞིའི་སྟེགས་བུའི་དབུས་སུ་བཀལ་བའི་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་ཚོགས་རྟགས་ལ་འོད་ཆེམ་ཆེམ་འཕྲོ་བ་དང་དམར་མདངས་བཀྲ་བའི་དར་དམར་བཅུ་གཞོགས་གཉིས་སུ་བསྒྲིགས་ཡོད།

        རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིང་ལི་དང་། ལིའུ་ཆི་པའོ། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཏུང་ཅན་ཧྭ། ཝན་ཀང་། ཧོ་ཧོའུ་ཧྭ། ལུའུ་ཀྲན་ཀུང་། ཝང་ཀྲེང་ཝུའེ། མ་པེའོ། ཁྲེན་ཞའོ་ཀོང་། ལེང་ཀྲེན་དབྱིང་། ཞ་པའོ་ལུང་། དབྱང་ཁྲོན་ཐང་། ལི་པིན། པ་ཐེར། ཝང་ཡུང་ཆིང་། ཧོ་ལི་ཧྥེང་། སུའུ་ཧུའེ། ཀྲེང་ཅན་པང་། ཀུའུ་ཧྲེང་ཙུའུ། ལིའུ་ཞིན་ཁྲེང་། ཧོ་ཝེ། ཧྲའོ་ཧུང་། ཀའོ་ཡུན་ལུང་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས།

        ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཞི་ཅིན་ཕིང་དང་ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་སོགས་ཀྲུའུ་ཞིའི་སྟེགས་བུར་བཞུགས་ཏེ། གྲོས་ཚོགས་ལ་རྟེན་འབྲེལ་ཞུས།

        རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པར་ཨུ་ཡོན་2151ཞུགས་དགོས་ཤིང་། དངོས་སུ་ཨུ་ཡོན2057ཞུགས་ཡོད་པས་གཏན་འཁེལ་མི་གྲངས་དང་མཐུན།

        ཕྱི་དྲོའི་ཆུ་ཚོད་3ཐོག་ཀྲང་ཆིང་ལིས་ཚོགས་ཆེན་ཚོགས་མགོ་ཚུགས་པའི་ཁྱབ་བསྒྲགས་གནང་། ཚང་མ་ཡར་བཞེངས་ནས་རྒྱལ་གླུ་དཀྲོལ་རྗེས་ཚོགས་ཞུགས་མི་སྣ་ཡོངས་ཀྱིས་ངག་བསྡམས་ནས་སྐར་མ་གཅིག་ལ་ཏོག་གསར་གློ་ཚད་ཀྱི་རིམས་ནད་ཁྲོད་སྐུ་གཤེགས་པའི་སྔོན་གཤེགས་དཔའ་བོ་དང་སྐུ་གཤེགས་པའི་སྤུན་ཟླར་མྱ་ངན་ཞུས།

        ཚོགས་ཆེན་དུ་ཐོག་མར་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་རིམ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

        ཝང་དབྱང་གིས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ལ་ལས་ཀའི་སྙན་ཞུ་ཕུལ།

        ཝང་དབྱང་གིས་ནན་གྱིས་བསྟན་དོན། 2019ལོ་ནི་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་70འཁོར་བའི་ལོ་ཞིག་ཡིན་ལ། མི་དམངས་སྲིད་གྲོས་དབུ་བརྙེས་ནས་ལོ་70འཁོར་བའི་ལོ་ཞིག་ཀྱང་ཡིན།

        ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་དབྱང་སྲིད་གྲོས་ལས་དོན་ཚོགས་འདུ་འཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། དུས་རབས་གསར་བའི་མི་དམངས་སྲིད་གྲོས་ལས་དོན་གྱི་འགན་འཁྲི་དང་ལས་འགན་དང་། རྩ་བའི་བླང་བྱ། གཙོ་གནད་བཅས་རྒྱས་བཤད་གནད་ལ་འཁེལ་བ་གནང་སྟེ། མི་དམངས་སྲིད་གྲོས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་བར་གྱི་ནང་གནས་འབྲེལ་བ་གསལ་སྟོན་གཏིང་ཟབ་བྱས་ཡོད། དུས་རབས་གསར་བའི་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་གོང་དུ་སྤེལ་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་བོར་བསྟན་ཡོད།

        ཝང་དབྱང་གིས་འདས་ཟིན་པའི་ལོ་གཅིག་ལྷག་གི་རིང་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཕྱོགས་སྡོམ་གནང་། ཁོང་གིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། “ཕྱོགས་ལྔ་གཞི་གཅིག་”གི་སྤྱིའི་བཀོད་པ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ་དང་། “ཕྱོགས་ཡོངས་བཞི་”ཡི་འཐབ་ཇུས་བཀོད་པ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བར་རྩེ་གཅིག་ཏུ་དམིགས་ཤིང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་ཆོད་པར་ལེན་པ་དང་གནད་སྒྲོལ་དམག་འཐབ་ཆེན་པོ་གསུམ་ལེགས་པོ་རྒྱག་པ་སོགས་ཀྱི་ལས་འགན་ལ་དམིགས་པ། ཆེད་དོན་གྲོས་མོལ་སྒྲིག་གཞི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་འགན་ནུས་ཁག་ནན་ཏན་གྱིས་བསྒྲུབས་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཆེད་ལེགས་སྐྱེས་གསར་བ་ཕུལ་ཡོད། ཉེ་དུས་ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་འགོག་རྒོལ་བྱེད་པའི་འཐབ་རྩོད་ཁྲོད། མི་དམངས་སྲིད་གྲོས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་པ་དང་། སྲིད་གྲོས་ཀྱི་རྩ་འཛུགས་རིམ་པ་ཁག་དང་། ཞུགས་མཁན་སྡེ་ཚན་ཁག རྒྱ་ཆེའི་ཨུ་ཡོན་བཅས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་ཞུགས་པར་སྐུལ་སློང་མཛད།དེར་ཞུགས་པའི་ལས་ཁུངས་དང་རྒྱ་ཆེའི་ཨུ་ཡོན་ཚོས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་རྩོད་ལ་ཞུགས་ཡོད། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་རང་རང་སོ་སོའི་ལས་གནས་ལས་བྱ་སྤྱོད་དངོས་ཀྱི་ཐོག་ནས་འགན་འཁྲི་འཁུར་སེམས་མངོན་ཡོད།

        ཝང་དབྱང་གིས་2020ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་དང་ལྔ་འཆར་བཅུ་གསུམ་པ་མཇུག་སྡུད་པའི་ལོ་ཡིན། མི་དམངས་སྲིད་གྲོས་ལས་དོན་གྱི་སྤྱིའི་བླང་བྱ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ། ཀྲུང་གུང་ཚོགས་ཆེན་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ། གསུམ་པ། བཞི་བ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ཀྲུང་དབྱང་སྲིད་གྲོས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་གཏིང་ཟབ་ཏུ་གཏོང་བ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “ཡིད་ཆེས་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་དམངས་གཙོ་དར་སྤེལ་དང་མཐུན་སྒྲིལ་ཟབ་ཏུ་གཏོང་རྒྱུ་ཕན་ཚུན་འབྲེལ་མཐུད་དང་། ཐབས་འདོན་སྲིད་སྐྱོང་། ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་བཅས་ཀྱི་ཕྱོགས་གཉིས་ལ་ཤུགས་སྣོན་རྒྱག་རྒྱུ་མཐའ་འཁྱོངས་བྱེད་དགོས། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་བྱེད་པ་དང་། མི་དམངས་སྲིད་གྲོས་ལ་ཞུགས་པའི་ཏང་ཁག་དང་ཚོགས་པ་དང་། མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣ་བཅས་རྒྱ་ཁྱབ་ཏུ་མཐུན་སྒྲིལ་དང་སྐུལ་སློང་བྱས་ཏེ། རྒྱུན་སྲོལ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལས་དོན་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བར་རྩེ་གཅིག་ཏུ་དམིགས་ཏེ་རང་འགན་གཙང་སྒྲུབ་དང་སེམས་ཤུགས་གཅིག་སྒྲིལ་བྱེད་པ། དབུལ་བྲལ་གནད་སྒྲོལ་གྱི་དམིགས་འབེན་ལས་འགན་ཡོངས་འགྲུབ་དང་འབྱོར་འབྲིང་སྤྱི་ཚོགས་ཀུན་ནས་འགྲུབ་པར་བྱེད་པར་བྱས་རྗེས་འཇོག་དགོས།

        ཝང་དབྱང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྲིད་གྲོས་ལས་དོན་གྲོས་ཚོགས་ཐོག་གནང་བའི་གསུང་བཤད་གལ་ཆེན་དང《དུས་རབས་གསར་བར་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་བསམ་འཆར་》གྱིས་མིག་སྔ་དང་ཕྱིན་ཆད་དུས་སྐབས་ཤིག་རིང་གི་མི་དམངས་སྲིད་གྲོས་ཀྱི་གཙོ་གནད་ལས་དོན་བཀོད་སྒྲིག་བྱས་ཡོད། ངེས་པར་དུ་མུ་མཐུད་དུ་ལག་བསྟར་དོན་འཁྱོལ་དམ་འཛིན་བྱས་ཏེ། གཞི་རྩ་བརྟན་པོ་དང་རྨང་གཞི་བརྟན་པོ་ཡོང་བར་དོ་སྣང་བྱེད་དགོས། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་གུང་ཁྲན་ཏང་གིས་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་། ཆེད་དམིགས་གྲོས་མོལ་ལས་ཁུངས་ཀྱི་ལམ་ལུགས་འཛུགས་སྐྱོང་ལ་གོ་རིམ་ལྡན་ཞིང་ཕན་ནུས་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ། ངོས་འཛིན་གཅིག་མཐུན་ཡོང་བ་བྱེད་པའི་ལས་ཀ་གཏིང་ཟབ་ཏུ་སྒྲུབ་པ་དང་། ཨུ་ཡོན་གྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ། མི་དམངས་སྲིད་གྲོས་ཀྱི་ལམ་ལུགས་མཐའ་འཁྱོངས་ཡག་པོ་བྱེད་པ། མི་དམངས་སྲིད་གྲོས་ཀྱི་བྱ་གཞག་འཕེལ་རྒྱས་ཡག་པོ་གཏོང་བ་བཅས་བྱེད་དགོས།

        རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲེང་ཅན་པང་གིས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ། ཚོགས་ཆེན་ལ་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པ་འཚོགས་ཚུན་གྱི་གྲོས་གཞིའི་ལས་དོན་བསྒྲུབས་ཚུལ་སྙན་ཞུ་ཕུལ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་སྲིད་གྲོས་སུ་ཞུགས་པའི་ལས་ཁུངས་ཁག་དང་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་གིས་གྲོས་ཚོགས་ཐེངས་གཉིས་པའི་གྲོས་གཞི་5488ཕུལ་ཡོད། ཞིབ་བཤེར་བྱས་པ་བརྒྱུད་གྱོད་དོན་4089ཐོ་འགོད་བྱས་ཡོད། སྒྲུབ་འགན་འཁུར་མཁན་ཚན་པ་175ལ་སྒྲུབ་ཏུ་བཅུག་ནས་དུས་ཐོག་ཏུ་བསྒྲུབས་ཟིན། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་གཞིའི་ལས་དོན་གྱི་སྤུས་ཚད་མཐོ་རུ་གཏོང་བར་མུ་མཐུད་དུ་སྐུལ་འདེད་བཏང་བ་དང་། ལས་ཀའི་ལམ་ལུགས་མ་ལག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ཡོད། གྲོས་གཞི་སྒྲུབ་གཉེར་གྲོས་མོལ་བྱས་པ་བརྒྱུད་ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། དུས་རབས་གསར་བའི་མི་དམངས་སྲིད་གྲོས་ཀྱི་གྲོས་གཞིའི་ལས་དོན་རྒྱུན་འཁྱོངས་ཁྲོད་འཕེལ་རྒྱས་ཡོང་བར་སྐུལ་འདེད་དང་སྲ་བརྟན་ཁྲོད་ནས་འཐུས་ཚང་དུ་བཏང་།

        ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་དམངས་འཐུས་རྒྱུན་ཨུ་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་བཅས་ཀྱི་འགན་ཁུར་བློ་མཐུན་གདན་ཞུས་ལྟར་ཚོགས་མགོ་ཚུགས་པའི་ཚོགས་འདུར་ཟུར་ཞུགས་གནང་། ཀྲུང་གོར་བཅའ་སྡོད་བྱས་པའི་ཕྱི་རྒྱལ་གྱི་གཞུང་ཚབ་པ་སོགས་གདན་ཞུས་ལྟར་ཚོགས་མགོ་ཚུགས་པའི་ཚོགས་འདུར་ཞུགས།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།