སློབ་མའི་ཁྱིམ་བདག་རྣམས་ལ་སྤྲིངས་པའི་ཞུ་འཕྲིན་སེམས་ཀྱི་དབྱངས་རྟ།

རྩོམ་པ་པོ།   གྲོས་དབང་།དུས་ཚོད།   2020-05-21   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

             དེ་མིན་སྐྱིད་པའི་ལོ་ཟླ་བཤད་ན་དེ་བས་ཀྱང་མང་བར་འདུག རྒྱུན་པར་བྲེལ་བ་ཆེ་ནའང་དགོང་མོར་ཉལ་ཁར་སེམས་པ་སྐྱིད། གང་ལགས་ཤེ་ན། རང་ཉིད་ཀྱིས་བསྒྲུབ་འདོད་པའི་བྱ་བ་སྒྲུབ་བཞིན་ཡོད་ལ།གཞན་ལ་ཕན་ཅི་ཐོགས་བྱེད་པ་ལས་རང་གི་ཁེ་ཕན་ཆུང་ངུར་བལྟས་ནས་གནོད་བྱས་པ་གཅིག་ཀྱང་མེད། སློབ་མ་ཚོའི་སྦྱངས་འབྲས་ཇེ་བཟང་དུ་གྱུར་པ་དང་། སློབ་གྲྭའི་བྱེད་སྒོར་འཛིན་གྲྭར་བྱ་དགའ་རེ་ཐོབ་ཚེ།ངས་དེ་དག་རང་ཉིད་ཀྱི་བདེ་སྐྱིད་ཅིག་ཏུ་བསྒོམས་ནས་རང་ཉིད་ཀྱི་ཁྱིམ་བཟའ་ཚང་དང་གྲོགས་པོ་དག་ལ་བཤད་པ་ཡིན།ངའི་སློབ་མ་རྣམས་ནི་ཁྱེད་ཅག་ཕ་མ་བཟང་པོའི་བཀའ་དྲིན་གྱིས་ཡ་རབས་སྤྱོད་བཟང་ཏག་ཏག་ཡིན།སློབ་མ་མང་ཆེ་བ་དགེ་རྒན་གྱི་ཁར་ཉན་ཞིང་སློབ་སྦྱོང་ལའང་བརྩོན་པ་ཆེ། སློབ་མ་ཁ་ཤས་སྤྱིར་ཀུན་སྤྱོད་ངན་པ་མིན་ཡང་ལེ་ལོ་དང་སྒྱིད་ལུག་གི་དབང་དུ་གྱུར་ཏེ་བྱ་བ་འགའ་རེ་བསྒྲུབས་ཉེས་བྱས་པ་དང་ནོར་འཁྲུལ་ཉུང་ངུ་ཁུར་པ་ཡོད་ལ།སློབ་མ་དེ་དག་ལ་ངས་ཁ་ཏ་སློབ་གསོ་བྱས་མྱངས་ལ་བཟོད་པའང་བསྒོམས་མྱངས། ཐ་ན་གཅར་རྡུང་བགྱིས་པའང་སྐོར་ཞིག་ཡོད།སློབ་མར་གཅར་བ་ནི་ཆེས་ཐབས་ཟད་ཀྱི་སློབ་གསོ་ལོས་ཀྱང་ཡིན། འོན་ཀྱང་ང་ལ་དེ་འདྲའི་ཐབས་ཟད་འུ་ཐུག་གི་དུས་ཀྱང་ཤར་མྱངས།སློབ་མར་གཅར་རྗེས་ཉིན་ཧྲིལ་བོར་སེམས་ཁམས་ཀྱང་མི་སྐྱིད། དེ་ནི་རང་ཉིད་ཉེས་པས་ལོས་ཡིན་སྙམ།སློབ་མ་ཚོས་དགེ་རྒན་ལགས་ཞེས་གུས་བཀུར་བྱེད་ཐེངས་རེར་ང་ལ་སྨྲ་མི་ཤེས་པའི་ནོངས་འགྱོད་བྱུང་ལ།དེ་ནི་ངས་འཛིན་བདག་གི་བྱ་བ་རང་ནུས་ཅི་ཡོད་ཀྱིས་བསྒྲུབ་པའི་སྒུལ་ཤུགས་འཛད་མེད་དེའང་ཡིན།

           སྤྱིར་མཐོ་འབྲིང་གི་འཚོ་བ་ནི་སློབ་མ་ཞིག་ལ་མཚོན་ན་ལུས་སེམས་གཉིས་པོར་མནར་གཅོད་གཏོང་བའི་ལོ་ཟླ་ཞིག་ཡིན།དེ་ལས་ཀྱང་མཐོ་གསུམ་ནི་མནར་གཅོད་གཏོང་བ་ཆེས་མང་བའི་དུས་ཚོད་ཡིན། ཚོད་རྒྱུགས་མང་བོ་དང་ལས་བྱ་མང་བོས་སློབ་མར་མ་ཟད་དགེ་རྒན་ལའང་མནར་གཅོད་གཏོང་།སྐབས་དེར་མཐོ་གསུམ་གཞུང་ལས་ཁང་ནི་མཐོ་རྒྱུགས་ཀྱི་ལས་དོན་བསྒྲུབ་པའི་གཡུལ་ས་གཙོ་བོ་ལྟ་བུ་ཡིན། གཡུལ་ས་དེར་སློབ་མའི་ཐོབ་ཐང་དང་སྦྱངས་འབྲས་ལ་དབྱེ་བ་མེད་ལ།ཉིན་མཚན་ལའང་དབྱེ་བ་མེད་པར་མཐོ་རྒྱུགས་ཀྱི་ཆེད་དུ་དགེ་སློབ་ཡོངས་ཀྱིས་འབད་བཞིན་ཡོད། གཡུལ་ས་དེར་ལྟོས་བཅས་ཀྱིས་སྦྱངས་འབྲས་ཞན་པའི་སློབ་མ་ཚོས་དགེ་གྲོགས་རྣམས་བསྐོར་ནས་ཡོད་ལ།ཁོང་ཅག་ནི་གཡུལ་ས་དེའི་ཆེས་དཔའ་མཛངས་ཆེ་བའི་འཐབ་མོ་བའང་ཡིན། གཡུལ་ས་དེར་ངའི་དགེ་གྲོགས་རྣམས་ཀྱི་དཀའ་སྡུག་གི་རྔུལ་ཆུ་ཚད་མེད་བཞུར་ཡོད་ལ།རྔུལ་ཆུའི་ཐིགས་པ་དེ་དག་སློབ་མ་ཚོའི་སེམས་པའི་གཏིང་དང་རུས་པའི་རྐང་ལ་སིམས་ཡོད། ལོ་ངོ་གསུམ་པོར་སྐྱིད་སྡུག་མཉམ་མྱོང་བྱེད་མཁན་གྱི་དགེ་གྲོགས་དང་སློབ་མ་ཚོ་ནི་བདག་གི་སེམས་པ་དམར་པོའི་བརྗེད་མེད་ཀྱི་དྲན་ཤིང་དང་།བདག་གི་ཚེ་ནོམ་ལྟ་བུ་ཡིན། ཁྱིམ་བདག་ཁྱེད་ཅག་གི་རྒྱབ་སྐྱོར་དང་ཐུགས་ཁུར་ནི་ང་དང་དགེ་གྲོགས་རྣམས་ལ་མཚོན་ན་སེམས་ཀྱི་སྒུལ་ཤུགས་ཡིན་ལ། ཁྱེད་ཅག་གིས་ང་ཚོ་ལ་མཐོང་ཆེན་བྱས་ནས་རེ་བཞག་བཅོལ་བ་ལས་དམའ་འབེབས་དང་འཁང་ར་བགྱིས་པ་མེད་ལ། ངས་དགེ་གྲོགས་ཡོངས་ཀྱི་ཚབ་བྱས་ནས་ཡང་བསྐྱར་ཁྱེད་ཅག་ལ་བཀའ་དྲིན་ཆེ་ཞུ།

         མཐོ་རྒྱུགས་སྤྲོད་པའི་ཉིན་གསུམ་པོ་ནི་ང་དང་དགེ་གྲོགས་ཚོ་ལ་མཚོན་ན་ལོ་ངོ་གསུམ་ལས་ཆེས་སེམས་ཚེགས་ཆེ་བའི་ཉིན་གསུམ་ཡིན།སློབ་མ་ཚོ་རྒྱུགས་རར་ཕར་བསྐྱལ་ཚུར་ཁྲིད་བྱས་ཐེངས་རེར་རང་ཉིད་རྒྱུགས་ལ་ཞུགས་པ་ལྟ་བུའི་སེམས་ཚེགས་ཆེ།མཐོ་རྒྱུགས་མཇུག་རྫོགས་རྗེས་དགེ་སློབ་གྱེས་བྲལ་གྱི་སྐྱོ་གདུང་ཤིན་ཏུ་ལྕི། ལོ་ངོ་གསུམ་ལ་རང་གིས་འབད་པས་བསྐྱངས་པའི་སློབ་མ་ཚོ་ནི་རང་གི་བུ་ཕྲུག་བཞིན་སྙིང་དུ་སྡུག་ལ་སེམས་སུ་དམར།ཡིན་ནའང་འདུས་པའི་མཐའ་མ་འབྲལ་བ་ནི་ཆོས་ཉིད་ལགས་པས་བྱ་ཐབས་བྲལ། མཐོ་རྒྱུགས་ཀྱི་རྒྱུགས་འབྲས་ཐོན་པའི་དགོང་མོ་དེར་སློབ་གྲྭའི་འགོ་ཁྲིད་ཚོ་དང་དགེ་གྲོགས་ཚང་མ་སློབ་སྟོན་ཁང་དུ་འཚོགས་ཏེ་རྒྱུགས་འབྲས་ལ་བསྒུགས་པ་ཡིན། ཁྱེད་ཚོས་ཀྱང་རང་གི་བུ་ཕྲུག་དང་ལྷན་དུ་དེ་ལྟར་རེ་སྒུག་བགྱིས་ཡོད་ངེས།རྒྱུགས་འབྲས་ཁྱབ་བསྒྲགས་བྱས་རྗེས་སློབ་མ་ཚོས་རང་གི་རྒྱུགས་འབྲས་རེ་རེ་བཞིན་དུ་བསྐུར་བྱུང་།སློབ་མ་གཅིག་གིས་རྒྱུགས་འཕྲོད་ཡོད་ན་དགེ་གྲོགས་རྣམས་དགའ་བ་འབུམ་ཕྲག་གིས་ཡར་ལངས་ལ། དགའ་སྐྱོ་ཟུང་གིས་སོ་སོའི་ཡ་ཁུང་མཆུ་མས་བརྣངས་བྱུང་།ང་ཡང་དེ་ལས་མ་འདས་ལ་ཁྱེད་ཚོའང་དེ་བཞིན་ཡིན་ངེས། སྐབས་དེ་དུས་འུ་ཅག་ནི་སེམས་པའི་རྒྱུན་ཐག་གཅིག་ལ་བརྒྱུས་པའི་ནང་མི་ཡིན།སློབ་མ་ནི་འུ་ཅག་ཐུན་མོང་ལ་དབང་བའི་སེམས་ཀྱི་ནོར་བུ་དེ་ཡིན།དེ་ལྟར་སློབ་མ་ཚང་མའི་རྒྱུགས་འབྲས་ཐོན་བྱུང་། རྩིས་ཚན་དང་རིག་ཚན་གང་ཡིན་ཡང་ད་ལོར་སྔོན་ཆད་ལྟར་ཞིང་ཆེན་རིམ་པའི་ཨང་དང་པོ་མིན་ནའང་།མཐོ་གསུམ་སློབ་མ་ཡོངས་ལས་བརྒྱ་ཆ་83གྱིས་དངོས་གཞིར་རྒྱུགས་འཕྲོད་འདུག རིག་ཚན་གྱི་ཆེས་མཐོའི་སྐར་མ་512ཡིན་ལ། རྒྱལ་ནང་གི་དངོས་གཞི་རིམ་པ་གཉིས་པའི་སྐར་ཚད་ལོན་པའི་སློབ་མའང་ལྔ་ཡོད།སྤྱིར་ཞིང་ཆེན་རིམ་པའི་ཨང་དང་པོ་ཡིན་ན་ལོས་ཀྱང་དགའ། མ་འཐོབ་ནའང་ང་ཚོ་ལ་སེམས་སྡུག་དང་ཕམ་སྣང་སྤུ་ཙམ་ཡང་མེད།གང་ལགས་ཤེ་ན། ང་ཚོའི་སློབ་མ་མང་ཤོས་ཀྱིས་རྒྱུགས་འཕྲོད་འདུག་ལ། དངོས་གཞིའི་ཡིག་ཚད་དུ་མ་ལོངས་པ་རྣམས་ཀྱང་དངོས་གཞིའི་སྟ་གོན་རིམ་པའི་སློབ་ཆེན་ལ་འགྲོ་ཐུབ་ངེས་རེད། དེ་བས། ཁྱིམ་ཚང་རེ་རེ་དང་སློབ་མ་རེ་རེའི་ངོས་ནས་བལྟས་ན་ང་ཚོ་ལ་རྒྱལ་ཁ་ལས་ཕམ་ཁ་མེད་པ་འདྲ། འདི་ནི་སློབ་མ་རྣམས་ཕྱོགས་རིས་མེད་པར་ཁྱད་མེད་དུ་བསྐྱངས་པའི་འབྲས་བུ་ཡིན།རྒྱལ་ཁ་འདིའི་འབྲས་བུ་འུ་ཅག་ཚང་མར་དབང་བར་མ་ཟད། བོད་ཀྱི་སློབ་གསོའི་བསྟན་པ་དར་བའི་སྔ་ལྟས་ཀྱང་ཡིན་པར་ངེས། སྤྱིར་བཤད་ན་ཕ་མ་ནི་བུ་ཕྲུག་དག་གི་དགེ་རྒན་ཐོག་མ་ཡིན་ལ་མི་ཚེ་གང་བོའི་སེམས་ཀྱི་བརྟེན་ས་ཡིན།རྗེས་ཕྱོགས་ཀྱི་འཚོ་བར་ཁྱེད་ཅག་གིས་སྔར་བཞིན་རང་གི་བུ་ཕྲུག་ལ་ཡིད་ཆེས་དང་རྒྱབ་སྐྱོར་བྱོས་དང་།བུ་ཕྲུག་རྣམས་མ་འོངས་པའི་རྒྱལ་ཁ་དང་བདེ་སྐྱིད་ཀྱི་བདག་པོ་ཡིན་པར་ང་ཚོར་ནམ་ཡང་ཡིད་ཆེས་ཡོད། མཐར་ཁྱེད་ཅག་གི་སྐུ་ལུས་བདེ་ཞིང་གཅེས་ཕྲུག་ཚོའི་ཚེ་བསོད་རླུང་རྟ་དར་བའི་སྨོན་འདུན་ཡང་ཡང་ཞུའོ།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།