ཀ་ཕྲེང་དཔྱིད་ཀྱི་ཕོ་ཉ།

རྩོམ་པ་པོ།   རྨེའུ་རྐང་ཐང་བ།དུས་ཚོད།   2020-05-21   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

ཀ་ཁའི་སྦྱོར་ཀློག་སློབ་པའི་གངས་ཅན་གྱི་གཞོན་ནུ།།

ཁ་བའི་ལྗོངས་ཀྱི་འདུན་མ་སེམས་ཁོང་དུ་ཉར་ནས།།

ག་ལེར་རིག་པའི་གཞུང་ལ་ཧུར་བརྩོན་རེ་གནོངས་དང་།།

ང་དང་ཁྱོད་ཀྱི་རེ་བའི་དམིགས་འབེན་དེ་འགྲུབ་ཡོང་།།

ཅ་དག་བོད་ཀྱི་ཡུལ་སྲོལ་གོམས་གཤིས་ཀྱི་བདག་པོ།།

ཆ་ལུགས་ཡ་མ་ཟུང་གི་ལུགས་སྲོལ་དེ་བསྐྱུར་ནས།།

ཇ་མར་ཐུད་རྩམ་རོལ་བའི་མཐོ་སྒང་གི་འཚོ་སྟངས།།

ཉ་དང་ཆུ་སྲིན་གསོལ་བའི་ལུགས་ངན་ལ་མ་བསྒྱུར།།

ཏ་ལའི་ལོ་མར་བྲིས་པའི་ནང་བསྟན་གྱི་སྲོག་ཤིང་།།

ཐ་སྙད་གསར་བའི་རྫུ་བག་གཡོན་མ་ལ་མ་བརྗེ།།

ད་ལྟ་བོད་ལ་སྐྱེས་པའི་དོན་སྙིང་ལ་བསམ་ནས།།

ན་ཚོད་གཞོན་པའི་ལང་ཚོ་ཆུད་ཟོས་སུ་མ་གཏོང་།།

པ་སྡེས་མཚོན་པའི་དབྱངས་གསལ་སྦྱོར་ཀློག་གི་རིན་ཐང་།།

ཕ་མེས་ཤ་ཁྲག་རྔུལ་ཆུས་བྲིས་པ་འདིར་སོམས་ལ།།

བ་དན་བཞིན་དུ་དགུང་སྔོན་མཐོ་ས་རུ་བསྒྲེངས་པའི།།

མ་ཉམས་སྤོབས་པ་སྐྱེད་ཅིག་ཐོན་མི་ཡི་སྲས་པོ།།

ཙ་རི་འགྲིམ་པའི་རྣལ་འབྱོར་སྤྱོད་པ་ལ་འབད་པའི།།

ཚ་གྲང་དཀའ་སྡུག་ཐེག་པའི་སྐྱེས་ཆེན་གྱི་རྣམ་ཐར།།

ཛ་དྲག་ཆེ་བའི་དུས་འདིར་སྤྱོད་ཐབས་དེ་དཀའ་ཡང་།།

ཝ་མོའི་ལས་ལ་སྦྱོར་བའི་སྤྱོད་པ་འདི་སྤང་དགོས།།

ཞྭ་ལྟར་བཀུར་དགོས་རང་གི་ཕ་མ་དང་དགེ་རྒན།།

ཟ་བཏུང་ལ་སོགས་འགྲོ་འཆག་ཉལ་འདུག་གི་སྤྱོད་པ།།

འ་ཅག་རིགས་ལ་མཛའ་བའི་སྤྱོད་སྟངས་ཤིག་མངའ་བས།།

ཡ་རབས་སྐྱེ་བོའི་མཛད་བཟང་རྣམ་དཔྱོད་ཀྱིས་བསྲུང་དགོས།།

ར་བ་གངས་ཀྱིས་བསྐོར་བའི་བསིལ་ལྡན་གྱི་སྣོད་བཅུད།།

ལ་ལུང་ཀུན་གྱི་ཁྲོད་ནས་རྒྱལ་མཚན་ལྟར་མཐོ་བས།།

ཤ་རུས་གཅིག་པའི་མཐུན་སྒྲིལ་སྟོབས་ཤིག་གིས་སྲུང་ཞིང་།།

ས་གཞི་གསེར་གྱི་ཞུན་མར་བདག་སྐྱོང་དེ་འོས་འགན།།

ཧ་ཅང་ཚིག་གི་སྡེབ་སྦྱོར་འོངས་པ་ནི་མེད་ཀྱང་།།

ཨ་ཁུའི་སེམས་གཏམ་དམར་པོ་མགྲིན་གླུ་ལ་བརྡོལ་བའི།།

ཧ་ལམ་དོན་ལ་རེ་འབྲས་སྨིན་པ་ཞིག་བྱུང་ན།།

ཨ་བུའི་འཕྲིན་ལ་དོན་གྱི་སྙིང་པོ་ནི་མཆིས་སོ།།

 རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།